བོད་སློབ་དགེ་རྒན་གྱི་ཚོགས་ཆེན།

དེ་རིང་ནས་བཟུང་ཚེས་ལྔ་བར་ཉིན་གྲངས་གསུམ་གྱི་རིང་སྐོང་ཚོགས་གནང་རྒྱུའི་གཏན་ཉིན་སློབ་གྲྭ་ཁག་གི་བོད་རིགས་དགེ་རྒན་ཚོགས་ཆེན་ཐེངས་དང་པོ་དེ་ད་རང་སྔ་དྲོ་དབུ་འཛུགས་གནང་འདུག
2013-01-03
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅།    །ཕྱི་ཚེས་༣ ནས་ ༥ བར་ ཉིན་གྲངས་གསུམ་རིང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་གཏན་ཉིན་སློབ་གྲྭ་ཁག་གི་བོད་རིགས་དགེ་རྒན་ཚོགས་ཆེན་ཐེངས་དང་པོ་དེ་བཞིན་བཞུགས་སྒར་རྡ་རམ་ས་ལའི་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་པ་རེད། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་།    ཤེས་རིག་བཀའ་བློན་གཅིག་ལྕོག་བློ་བཟང་སེང་གེ་མཆོག་གིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས།    གཏན་ཉིན་སློབ་གྲྭ་ཁག་གི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་དང་། སློབ་གྲྭ་ཁག་གི་ཀུན་སྤྱོད་སློབ་གསོ་དང་སྒྲིག་ལམ་ཡར་རྒྱས་གཏོང་ཐབས། འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་སློབ་ཁྲིད་བརྒྱུད་ལམ་ཇི་དགེའི་སྐོར་སོགས་ཀྱི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་སྐོར་གསུང་འདུག    ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་སྐབས་དེར་ངོ་སྤྲོད་གསུང་བཤད་གནང་སྐབས།  སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཆབས་ཅིག་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་གཅིག་ལྕོག་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་།  གཙོ་བོ་སློབ་གྲྭ་ཁག་གི་གནས་སྟངས་དང་ཉམས་མྱོང་སོགས་མཁྱེན་རྟོགས་ཆེད།  ད་ཕན་བོད་རིགས་སློབ་སྤྱི་རྣམ་པ་དང་། སློབ་གྲྭ་ཁག་གི་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་རྣམ་པ་གཙོས་པའི་དགེ་ལས་རྣམ་པ་ཚོའི་ཚོགས་འདུ་ཐེངས་ཁ་ཤས་གནང་ཟིན་ཡོད་པ་དེ་ལྟར་ཡང་། གལ་ཆེ་བ་ཞིག་ལ་སློབ་གྲྭའི་དགེ་རྒན་རྣམ་པའི་ཉམས་མྱོང་དང་དགོངས་འཆར་མཁྱེན་རྟོགས་ཡོང་རྒྱུ་གལ་འགངས་ཆེན་པོར་གཟིགས་ཏེ། ད་རེས་ཀྱི་ཚོགས་འདུ་འདི་སྐོང་ཚོགས་གནང་ཡོད་པ་སོགས་ ཚོགས་འདུའི་དམིགས་དོན་དང་རྒྱབ་ལྗོངས་འགྲེལ་བརྗོད་གནང་འདུག
ཉིན་གྲངས་གསུམ་རིང་གི་བོད་རིགས་དགེ་རྒན་གྱི་ཚོགས་འདུ་འདིའི་ཐོག་  གཏན་ཉིན་སློབ་གྲྭ་ཁག་གི་གཞི་རིམ་གོང་འོག་བར་གསུམ་གྱི་དགེ་རྒན་དང་། ཆོས་དགེ  སྔོན་འགྲོའི་དགེ་རྒན།  ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་འགན་འཛིན་དང་། ཤེས་ཡོན་འགན་འཛིན་སོགས་ཁྱོན་མི་གྲངས་ ༡༥༣ ཙམ་མཉམ་ཞུགས་གནང་ཡོད་པ་རེད།།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།