༸གོང་ས་མཆོག་དང་སོག་པོའི་གཞུང་ཚབ་མཇལ་འཕྲད་གནང་བ།

༧གོང་ས་མཆོག་ཨོ་སེ་ཀྲེ་རི་ཡར་ཆིབས་བསྒྱུར་གནང་བའི་སྐབས་ཁུལ་དེར་ཡོད་པའི་སོག་པོའི་གཞུང་ཚབ་ཆེན་མོ་དང་མཇལ་འཕྲད་གནང་འདུག

2012.05.28

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་ཨོ་སེ་ཀྲེ་རི་ཡའི་ནང་ཆིབས་བསྒྱུར་གནང་བའི་སྐབས། ཁུལ་དེར་ཡོད་པའི་སོག་པོའི་གཞུང་ཚབ་ཆེན་མོ་དང་། ལས་བྱེད་རྣམས་དང་མཇལ་འཕྲད་གནང་ཡོད་འདུག མཇལ་ཁའི་སྐབས་༧གོང་ས་མཆོག་གིས། བོད་དང་སོག་པོའི་དབར་དུས་རབས་མང་པོའི་རིང་ནས་ནང་ཆོས་དང་རིག་གཞུང་གི་འབྲེལ་བ་ཟབ་མོ་ཡོད་པའི་སྐོར་དང་། དེ་བཞིན་སྲིད་དབང་གཅིག་བསྡུས་ཀྱི་སྲིད་གཞུང་འོག་སྡུག་སྦྱོང་མྱོང་མཁན་ཡང་གཅིག་མཚུངས་ཡིན་ལུགས་སོགས་བཀའ་གནང་ཡོད་འདུག དེ་དང་ཕྱོགས་མཚུངས་སོག་པོ་ཚོར་དཔལ་ན་ལན་དྲའི་ཆོས་བརྒྱུད་ཀྱི་ནང་ཆོས་ངོ་མ་གང་ཡིན་ཤེས་རྟོག་ཐུབ་པ་དགོས་རྒྱུའང་བཀའ་སློབ་ཕེབས་ཡོད་པ་རེད།

ཡང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཨོ་སེ་ཀྲེ་རི་ཡའི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་ཁོང་རྣམ་པས་བོད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག དམིགས་བསལ་ཨོ་སེ་ཀྲེ་རི་ཡའི་མི་རིགས་ཡིན་པ་དེ་སྔ་བོད་ནང་ཕྱིའི་མི་རིགས་ཐོག་མ་འབྱོར་མཁན་གྲས་དང་བོད་པའི་གྲོགས་པོ་སྐུ་ཞབས་ཧེན་རི་ཧེ་རར་དམ་པ་དང་། པི་ཀྲར་ ཨོཕ་ནེ་ཀྲར་རྣམ་གཉིས་བོད་མི་ཚོ་དང་འབྲེལ་བའི་བརྒྱུད་རིམ་ནས་བོད་ཀྱི་གནས་ཚུལ་ཕྱི་ཕྱོགས་སུ་ཁྱབ་སྤེལ་བྱུང་བ་སོགས་ཀྱི་གནས་སྟངས་སྐོར་ཡང་གསུངས་ཡོད་པ་བཅས་གང་ལྟར་བོད་མི་རྣམས་སོ་སོའི་རྒྱལ་ཁབ་བཞག་ནས་བྲོས་བྱོལ་དུ་ཡོང་རྒྱུ་དེ་འབྱུང་བའི་དཀའ་ངལ་འཕྲད་པ་དང་། ཡང་ན་སྤྱི་མང་གི་ནང་ཁུལ་དམག་འཁྲུགས་ཀྱི་རྐྱེན་གྱིས་མ་ཡིན་པར་ང་ཚོའི་ལུང་པའི་ནང་མགྲོན་དུ་མ་འབོད་པའི་མགྲོན་པོ་བཙན་དབང་གི་ཐོག་ནས་སླེབས་ནས་ང་ཚོར་ཆེས་རྗེས་ལུས་ཐེབས་པའི་མི་རིགས་ཡིན་ལུགས་བཤད་ནས་བོད་མི་ཚོའི་རང་དབང་འཕྲོག་པར་བརྟེན་ང་ཚོ་བྲོས་བྱོལ་དུ་ཡོང་དགོས་བྱུང་ཡོད་རེད། འོན་ཀྱང་ད་ཆ་འཛམ་གླིང་ནང་མང་གཙོ་དང་རང་དབང་གི་ཁ་ཕྱོགས་སུ་འགྱུར་བ་འགྲོ་བཞིན་ཡོད་དུས། རྒྱ་ནག་ནས་ཀྱང་འཛམ་གླིང་གི་གོམ་བགྲོད་དང་བསྟུན་ནས་འགྱུར་བ་གཏང་རྒྱུའི་དུས་ལ་བབ་ཡོད་རེད། ང་ཚོའི་ངོས་ནས་དུས་དང་བསྟུན་ནས་འགྱུར་བ་བཏང་ནས། ད་ཆ་མང་གཙོའི་ལམ་ལུགས་ཚད་དང་ལྡན་པའི་ཐོག་ནས་མི་མང་གིས་འོས་འདེམས་བྱེད་པའི་བཀའ་བློན་ཁྲི་པ་བསྐོ་འདེམས་བྱུང་ཡོད་རེད་ཅེས་སྔ་ལོའི་བཙན་བྱོལ་ནང་གི་འགྱུར་གྲོས་སྐོར་གསལ་བཤད་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎