ཐེ་ལྦན་ནང་བོད་ཀྱི་འགྲེམས་སྟོན་དབུ་འབྱེད་གནང་ཡོད་པ།

2009-07-04

བཙན་བྱོལ་ནང་གི་བོད་མི་ཚོའི་ཆོས་དང་རིག་གཞུང་ཆབ་སྲིད་ལམ་ལུགས་སྐོར་གྱི་འགྲེམས་སྟོན་ཞིག་ཐེ་ལྦན་གྱི་རྒྱལ་སར་དབུ་འབྱེད་གནང་འདུག

༄༅༎བཙན་བྱོལ་ནང་གི་བོད་མི་ཚོའི་ཆོས་དང་རིག་གཞུང་།འཚོ་ཐབས་དང་ཆབ་སྲིད་ལམ་ལུགས་སྐོར་གྱི་འགྲེམས་སྟོན་ཞིག་ཁ་ས་ཕྱི་ཚེས་གསུམ་ཉིན་ཐེ་ལྦན་གྱི་རྒྱལ་ས་ཐའེ་པེ་ནང་དབུ་འབྱེད་གནང་འདུག

ད་རེས་ཀྱི་འགྲེམས་སྟོན་དེ་ནི་བོད་མི་ཚོ་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་ཐམ་པ་འཁོར་བའི་དུས་ཚིགས་དང་སྟབས་བསྟུན་ནས་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད་འདུག

བཙན་བྱོལ་བོད་གཞུང་གི་ཐེ་ལྦན་སྐུ་ཚབ་དོན་གཅོད་ཁང་གིས་རྒྱལ་ས་ཐའེ་པེ་ནང་གི་རྒྱལ་ཡོངས་ཐེ་ལྦན་དམངས་གཙོའི་དྲན་རྟེན་ཚོགས་ཁང་ཆེན་མོའི་ནང་བོད་ཀྱི་འགྲེམས་སྟོན་དེ་གོ་སྒྲིག་གནང་ཡོད་པ་དང་འགྲེམས་སྟོན་དབུ་འཛུགས་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཐོག་བཙན་བྱོལ་བོད་གཞུང་གི་ཐེ་ལྦན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་༡༩༥༩ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕེབས་རྗེས་བོད་མི་ཁྲི་བརྒྱད་ལྷག་ཙམ་ཞིག་རྒྱ་གར་དུ་བྲོས་བྱོལ་ལ་འབྱོར་ཡོད་པ་དང་བོད་མི་སྐྱབས་བཅོལ་བ་ཚོ་སོ་སོའི་ཡུལ་ནས་ཁ་བྲལ་ཏེ་རྒྱ་གར་ཚ་བའི་ལུང་པར་སླེབས་སྐབས་ཐོག་མར་ཁོར་ཡུག་གསར་པ་ཞིག་ནང་གོམས་འདྲིས་ཐུབ་པ་བྱ་རྒྱུ་ཙམ་མ་ཡིན་པར་འཚོ་བའི་མདུན་ལམ་གསར་པ་ཞིག་ཀྱང་འཚོལ་ཐབས་བྱེད་དགོས་ཐུག་ཡོད་པའི་སྐོར་གསུངས་ཏེ་བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་རྒྱ་གར་གྱི་ས་ཁུལ་ཁག་འདྲ་མིན་ནང་ས་ཞིང་འདེབས་ལས་བྱེད་བར་བཏང་བའི་སྐབས་སུ་དཀའ་ངལ་མང་པོ་འཕྲད་ཡོད་སྐོར་འགྲེལ་བརྗོད་གནང་བཞག

ཡང་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་འགྲེམས་སྟོན་དེའི་ཐོག་བཙན་བྱོལ་བོད་མིའི་འཚོ་བ་དང་འབྲེལ་བའི་འདྲ་པར་བཞི་བརྒྱ་ལྷག་དང་དངོས་བཀོད་གློག་བརྙན་ཉི་ཤུ་མན་ཙམ་གཟིགས་འབུལ་ཞུ་རྒྱུ་ཡིན་པ་དེ་ཐེ་ལྦན་ནང་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་འདྲ་པར་དང་བརྙན་པར་འགྲེམས་སྟོན་གནང་བའི་བརྒྱུད་བཙན་བྱོལ་དུ་བོད་མི་ཚོས་སོ་སོའི་ཆོས་དང་རིག་གཞུང་བདག་གཅེས་ཉར་ཚགས་ཇི་ལྟར་གནང་གི་ཡོད་མེད་དང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྐོར་ཐེ་ལྦན་མང་ཚོགས་ལ་ངོ་སྤྲོད་གནང་རྒྱུ་ཡིིན་སྐོར་འགྲེལ་བརྗོད་གནང་བཞག

བཙན་བྱོལ་བོད་མིའི་འཚོ་ཐབས་དང་འབྲེལ་བའི་འདྲ་པར་ཁག་འགྲེམས་སྟོན་གནང་བ་དང་ཆབས་ཅིག་རྒྱ་ནག་གིས་བོད་ཐོག་བཙན་འཛུལ་དབང་བསྒྱུར་མ་བྱས་གོང་གི་བོད་གཞུང་གི་བཏོན་གནང་བའི་བོད་ཀྱི་དངུལ་ལོར་དང་ཧ་ཅང་དཀོན་པའི་བོད་ཀྱི་དངོས་རྫས་ཁག་ཅིག་དེ་བཞིན་ཐང་ཀ་ལ་སོགས་པའི་བོད་པའི་སྲོལ་རྒྱུན་ལག་ཤེས་ཀྱི་དངོས་རྫས་འདྲ་མིན་ཁག་ཅིག་ཀྱང་འགྲེམས་སྟོན་གནང་ཡོད་པ་དང་དགེ་འདུན་པ་ཁག་ཅིག་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་གནང་གི་ཡོད་པ་རེད༎

གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།

 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org