རྒྱ་ནག་གི་འཛུགས་བསྐྲུན་ལས་འཆར་འོག་འབྲོག་པ་ཚོ་འཚོ་རྟེན་མེད་པར་གྱུར་བཞིན་འདུག

2017-10-06
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
རྫ་སྟོད་ཕྱོགས་ཀྱི་གྲོང་ཚོ་ཞིག ༢༠༡༡
རྫ་སྟོད་ཕྱོགས་ཀྱི་གྲོང་ཚོ་ཞིག ༢༠༡༡
sanwenba.com

རྒྱ་ནག་གི་འབྲོག་པ་གྲོང་ཚོ་ཅན་ལ་བསྒྱུར་བའི་སྲིད་ཇུས་འོག་ཡུལ་ཤུལ་རྫ་སྟོད་གྲོང་རྡལ་ཐོག་གནས་སྤོས་འབྲོག་པ་མང་ཚོགས་རྣམས་ད་ཆ་ཡོངས་སུ་ཕྱིར་ཕུད་བཏང་འདུག
དེ་ཡང་བོད་ནས་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དུ་དེ་སྔ་རྒྱ་ནག་གཞུང་གིས་འབྲོག་པ་གྲོལ་རྡལ་ཅན་དུ་བསྒྱུར་བ་ཟེར་བའི་སྲིད་ཇུས་ལག་བསྟར་གྱིས་ས་གནས་དེ་གའི་མངའ་ཁོངས་ཀྱི་བོད་རིགས་འབྲོག་སྡེ་མང་པོ་ཞིག་རྫ་སྟོད་གྲོང་རྡལ་གྱི་མཐར་རྒྱ་ནག་གཞུང་གིས་ཆེད་དུ་ས་ཕག་ཁོག་སྟོང་ཅན་ལས་བཟོས་པའི་སྡོད་ཁང་ཁང་མིག་བཞི་རེ་ཅན་འཛུགས་བསྐྲུན་གྱིས་དེར་གནས་སྤོས་བྱེད་དུ་བཅུག་པ་ཡོད་པ་རེད། འོན་ཀྱང་འདི་ལོའི་དཔྱིད་ཟླ་ཚེས་པ་ནས་བཟུང་མང་ཚོགས་རྣམས་ཕྱིར་ཕུད་བཏང་རྒྱུ་འགོ་བཙུགས་ཏེ་ད་ལྟའི་ཆར་ཁུལ་དེའི་མང་ཚོགས་ཚང་མ་ཕྱིར་འཕུད་བཏང་ཚར་ཡོད་འདུག
ས་གནས་སྲིད་གཞུང་གིས་འཛུགས་བསྐྲུན་གྱི་འཆར་འགོད་ས་ཁྲའི་ནང་འཁོད་པའི་དགོན་པ་དང་མང་ཚོགས་རྣམས་ཀྱི་རེ་བ་སྐོང་ཆེད་རྫ་སྟོད་གྲོལ་རྡལ་གྱི་མཐར་སྲིད་གཞུང་གི་འཛུགས་བསྐྲུན་གྱི་ལས་འཆར་མེད་སར་གནས་སྐབས་སྡོད་གནས་ཀྱི་ཁང་པ་སྟབས་བདེ་ཆུང་ཆུང་རེ་སྤྲོད་རྒྱུ་བརྗོད་ཡོད་ཀྱང་དངོས་སུ་ལག་བསྟར་བྱས་མེད་པ་རེད་འདུག
དེར་བརྟེན་ཁུལ་དེའི་དར་དམར་སྡེ་པ་སྟོད་སྨད་གཉིས་དང་། འབྱུང་ཆེན་སྡེ་པ། འབྲི་སྟོད་སྡེ་པ་སྟོད་སྨད་གཉིས་དང་ཉེ་འཁོར་གྱི་སྡེ་པ་ཁག་གཅིག དེ་མིན་དགའ་སྟོད་ཤང་ནས་ཁང་དམར་སྡེ་པ་དང་། སྐམ་ཡེར་སྡེ་པ། མཁར་བརྒྱུད་སྡེ་པ། མཁར་རོང་སྡེ་པ། རྒྱ་ཆེའི་སྡེ་པ་སོགས་ཀྱི་ནང་སྒོ་ཟོག་འགའ་རེ་ཡོད་མཁན་འབྲོག་པ་རྣམས་རྫ་སྟོད་གྲོལ་རྡལ་ནས་ཕྱིར་ཕུད་བཏང་རྗེས་ཕྱིར་འབྲོག་ཁུལ་དུ་སོང་ཡོད་པ་རེད། འོན་ཀྱང་དེ་སྔ་སྲིད་ཇུས་ལག་ལྟར་སྐབས་ཟོག་ལུག་སེམས་ཅན་རིགས་ཡོངས་སུ་བཙོང་ཚར་མཁན་རྣམས་ད་ལྟ་ཕྱིར་འབྲོག་ཁུལ་དུ་སོང་ཚེ་འཚོ་རྟེན་མེད་པའི་སྟབས་ཀྱིས་གནས་སྐབས་རིང་གུར་ཕུག་ནས་སྲིད་གཞུང་གིས་གང་མགྱོགས་བསྡོད་གནས་ཤིག་བཀོད་སྒྲིག་བྱེད་པར་རེ་སྒུག་བྱེད་ནས་བསྡད་ཡོད་འདུག་ལ། ཡང་ཕྱིར་ཕུད་བཏང་བའི་འབྲོག་པ་མང་ཚོགས་ཚོའི་ཁྲོད་ཀྱི་ཁྱིམ་ཚང་དབུལ་ཕུང་ཁ་ཤས་ཀྱིས་སློང་མོ་བྱས་ནས་བསྡད་དགོས་ཐུག་པའི་གནས་སྟངས་དངོས་སུ་མཐོང་རྒྱུ་ཡིན་པ་རེད།
གཞན་ཡང་ད་ལྟའི་འཆར་ལས་ཀ་ལས་མཁན་རྒྱ་རིགས་མང་པོ་ཞིག་ས་གནས་སུ་འབྱོར་ཏེ་དེ་སྔའི་ས་ཕག་གི་ཁང་པ་དེ་དག་གཏོར་བཤིག་བྱེད་བཞིན་པའི་སྒང་ཡིན་འདུག་ལ། མ་འོངས་པར་ཁུལ་དེར་སྲིད་གཞུང་གི་འཛུགས་བསྐྲུན་རྒྱ་ཆེན་པོ་ཞིག་༢༠༢༠ ་ལོའི་སྔོན་དུ་ཚར་བ་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག
དེ་བཞིན་དེ་སྔ་ཡུལ་ཤུལ་སྡོམ་མདའ་ཤང་དུ་ཡང་ས་གནས་རྒྱ་ནག་གཞུང་གིས་འབྲོག་པ་གྲོལ་རྡལ་ཅན་དུ་བསྒྱུར་བ་ཟེར་བའི་སྲིད་ཇུས་འོག་གོ་སྒྲིག་བྱེད་པའི་སྡེ་པ་ནས་མང་ཚོགས་རྣམས་ཕྱིར་བཏང་ཡོད་པ་རེད།

གསར་འགོད་པ་ཀུན་བཟང་བསྟན་འཛིན། ཕབ་བཤུས་བསོད་ནམས་ལྷ་མོ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།