ཕྱི་ལོ་གསར་པའི་གཞུང་འབྲེལ་ལས་འགུལ་ཐོག་མ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་བོད་དོན་ཞུ་གཏུག་གི་ལས་འགུལ་དེ་ཁ་སང་དབུ་འཛུགས་དང་འབྲེལ། རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་མཇལ་མོལ་གནང་འདུག
2013-01-02
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་འཁྲིད་འོག    ཕྱི་ལོ་གསར་པའི་བོད་དོན་ཞུ་གཏུག་གི་ལས་འགུལ་ཐོག་མ་དེ་ཁ་ས་ཚེས་ ༡ ཉིན་དབུ་འཛུགས་གནང་འདུག་པ་དང་།    དེ་ཡང་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་ནང་བོད་མི་མང་སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་དང་། ཨ་ཀྲུག་ཚེ་བརྟན་ལགས། འཇིགས་མེད་འབྱུང་གནས་ལགས། བུ་མོ་ཚེ་རིང་ལགས། ཚེ་རིང་གཡུ་སྒྲོན་ལགས། བློ་བཟང་ཡེ་ཤེས་ལགས་བཅས་ཀྱིས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཀེ་ཇི་བྷོ་པ་ཡ་ (Shri K.G. Bopaiah) མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྙན་ཞིག་ཕུལ་ཡོད་པས་མ་ཟད། ཚོགས་གཙོ་མཆོག་ལ་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་།    ལྷག་པར་བོད་མི་ཚོས་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཞིབ་ཕྲ་གསལ་བཤད་གནང་ཡོད་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག

སྐབས་དེར་ཚོགས་གཙོ་མཆོག་གིས་བོད་མིའི་སྐུ་ཚབ་འཐུས་མི་རྣམ་པར་གྲོས་ཚོགས་ནང་སྣེ་ལེན་གཟབ་རྒྱས་ཞུས་པས་མ་ཟད། བོད་མིའི་སྐུ་ཚབ་རྣམས་དང་མཇལ་འཕྲད་བྱུང་བར་ཚོགས་གཙོ་མཆོག་ཐུགས་དགྱེས་ཚོར་བྱུང་ཡོད་སྐོར་གསུངས་པ་དང་སྦྲགས། བོད་མིའི་འཐབ་རྩོད་ལ་གང་ཐུབ་རྒྱབ་སྐྱོར་ཞུ་རྒྱུའི་ཁས་ལེན་ཡང་གནང་ཡོད། ཕྱོགས་མཚུངས་ཁུལ་དེར་ལས་འགུལ་སྤེལ་སྐབས་མང་ཚོགས་རྣམས་ལ་གསལ་བཤད་ཆེད་ཚོགས་གཙོ་མཆོག་གིས་རྒྱབ་སྐྱོར་ཡོད་པའི་བསྒྲགས་གཏམ་གྱི་ཡི་གེ་ཞིག་ཀྱང་གནང་ཡོད། ཆུ་ཚོད་གཅིག་ཙམ་གྱི་མཇལ་འཕྲད་སྐབས་དེར་བོད་མིའི་སྐུ་ཚབ་རྣམ་པས་ཚོགས་གཙོ་མཆོག་བརྒྱུད་ཀར་ཎ་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ནས་ད་བར་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་བོད་མི་ཚང་མའི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུས་པ་མ་ཟད། འབྱུང་འགྱུར་ཚོགས་གཙོ་མཆོག་རྡ་སར་མགྲོན་འབོད་ཡང་ཞུས་ཡོད།།