རྩ་ཆེའི་སྐུ་འདྲ་རྩད་རྙེད་དང་རྐུན་མ་འཇུ་བཟུང་བྱས་འདུག

2017-06-06
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཚགས་ཤོག་པར་ངོས།
ཚགས་ཤོག་པར་ངོས།
ཚགས་ཤོག

བོད་མི་ཞིག་གིས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་པརྡེཤ་མངའ་སྡེའི་མོན་རྟ་དབང་ནས་རྐུ་འཁྱེར་བྱས་པའི་རིག་འཛིན་གཏེར་སྟོན་པདྨ་གླིང་པའི་རྩ་ཆེའི་སྐུ་བརྙན་ཞིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བསམ་ཡས་གླིང་བོད་མིའི་གཞིས་སྒར་ནང་འཚོང་ཐབས་བྱས་སྐབས་རྒྱ་གར་གྱི་ཉེན་རྟོག་པས་འཇུ་བཟུང་བྱས་འདུག
དེ་ཡང་རྒྱ་གར་གྱི་ཉིན་རེའི་གསར་ཤོག Hindustan Times ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ལམ་རྩད་བརྙེད་ཐུབ་པའི་རིག་འཛིན་པད་མ་གླིང་པའི་སྐུ་བརྙན་དེ་བཞིན་མི་ལོ་༩༠༠་ཙམ་གྱི་གོང་བོད་ནང་བཞེངས་རྗེས་ཕྱིས་སུ་མོན་རྟ་དབང་ལ་གདན་འདྲེན་ཞུས་ཏེ། མོན་རྟ་དབང་དུ་ཡོད་པའི་སངས་རྒྱས་གླིང་དགོན་པའི་མོན་རྟ་དབང་སྐད་ནང་སྤྱི་པ་ཞེས་དགོན་པའི་མི་དམངས་ཀྱིས་འདེམས་པའི་འཐུས་མིའི་ཁྱིམ་ནང་ཉར་ཚགས་བྱེད་བཞིན་ཡོད་འདུག
ཉེ་ལམ་སངས་རྒྱས་གླིང་དགོན་པའི་སྤྱི་པ་བླ་མ་པདྨ་དབང་ཕྱུགས་ལགས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ས་གནས་མ་ན་ལིར་བསྐྱོད་སྐབས། སྤྱི་པའི་བུ་མོའི་བཟའ་ཟླ་ཟུར་པ་བོད་མི་ངག་དབང་བརྩོན་འགྲུས་དང༌། ཁོ་པའི་རོགས་པ་བུད་མེད་བལ་པོའི་མི་རིགས་ཡིན་པ་ཤར་པ་བློ་བཟང་དགའ་སྐྱེས་ཟེར་བ་གཉིས་ཀྱིས། ཕྱི་ཟླ་ ༥ ཚེས་ ༣༡ གི་དགོང་དྲོ་རྩ་ཆེའི་སྐུ་བརྙན་དེ་སྤྱི་པའི་གཟིམ་ཤག་ནས་རྐུ་མ་བརྒྱབ་ཏེ། མོ་ཊའི་ནང་ལྡི་ལིར་འོར་འདྲེན་གྱིས་ཧིན་སྒོར་ས་ཡ་བཅུ་བཞི་ཙམ་ལ་ཚོང་འགྲེམ་བྱ་ཐབས་བྱས་སྐབས། ཨ་རུ་ན་ཅལ་མངའ་སྡེའི་འབྲེལ་ཡོད་དཔོན་རིགས་རྣམ་པས་སྐུ་བརྙན་དེ་ངག་དབང་བརྩོན་འགྲུས་ཀྱིས་རྐུ་འཁྱེར་གྱིས་
ལྡི་ལིར་འོར་འདྲེན་བྱས་ཡོད་པ་ཤེས་རྟོགས་ཀྱིས་ལྡི་ལིའི་ཉེན་རྟོག་པར་གསང་བརྡ་བྱས་རྗེས། ཉེན་རྟོག་པས་རྩད་ཞིབ་ཀྱིས་དོ་དག་ངག་དབང་བརྩོན་འགྲུས་བསམ་ཡས་གླིང་བོད་མིའི་གཞིས་སྒར་དུ་ཡོད་པ་ཤེས་རྟོགས་བྱུང་ནས་ཁོ་པའི་ལག་ནས་རིག་འཛིན་པདྨ་གླིང་པའི་རྩ་ཆེའི་སྐུ་བརྙན་དེ་ཚུར་ལེན་ཐུབ་པ་བྱུང་འདུག
གནས་ཚུལ་ནང་མུ་མཐུད་འགྲེལ་བརྗོད་བྱས་པར་གཞིགས་ན། ངག་དབང་བརྩོན་འགྲུས་དང་སངས་རྒྱས་གླིང་དགོན་པའི་མཁན་པོའི་བུ་མོ་གཉིས་ཁ་མ་བྲལ་གོང་མག་པ་དང་བུ་མོའི་ཕ་གཉིས་དབར་གྱི་འབྲེལ་བ་ཡག་པོ་མ་བྱུང་བར་སོང༌། བུ་མོའི་ཕ་ལ་དགྲ་ཤ་ལེན་རྒྱུ་དང་སྤྱི་ཚོགས་ནང་ངོ་ཚ་ཁ་རྐྱེངས་བཟོ་རྒྱུའི་ཆེད་སྐུ་བརྙན་དེ་རྐུ་འཁྱེར་བྱས་པ་ཞིག་ཡིན་པ་ངག་དབང་བརྩོན་འགྲུས་ཀྱིས་ཉེན་རྟོག་པས་བརྗོད་ཡོད་སྐོར་གསར་ཤོག་ཁག་ནང་གནས་ཚུལ་བཀོད་འདུག

གསར་འགོད་པ་ངག་ཆོས།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།