ཚ་བ་མདའ་སྨྱུག་གི་ཤི་གསོན་གནས་སྟངས་ངེས་གཏན་མི་འདུག

2017-02-22
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
རྩོམ་པ་པོ་ཚ་བ་མདའ་སྨྱུག
རྩོམ་པ་པོ་ཚ་བ་མདའ་སྨྱུག
བོད་འབྱོར།

སྤྱི་ལོ་༢༠༠༨་ལོའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་བོད་ཤར་ཕྱོགས་ནས་ཡིན་པ་ན་གཞོན་རྩོམ་པ་པོ་ཚ་བ་མདའ་སྨྱུག་གར་སོང་ཆ་མེད་དུ་གྱུར་ནས་ད་བར་ལོ་དགུ་ཙམ་འགྲོ་གི་ཡོད་ན་ཡང་ཁོང་ཤི་གསོན་ཀྱི་གནས་སྟངས་ངེས་གཏན་ཞིག་ད་དུང་རྩད་གཅོད་ཐུབ་ཀྱི་མེད་པ་རེད་འདུག
དེ་ཡང་ཉེ་ལམ་སྤྱི་ཟླ་༢་པའི་ཚེས་༡༡་ཉིན་ཁོང་གི་ཉེ་འབྲེལ་སྤུན་མཆེད་ཅིག་གིས་སྤྱི་ཚོགས་བརྒྱུད་ལམ་དང་ངོ་དེབ་སོགས་ནང་གནས་ཚུལ་བརྒྱུད་བསྐུར་བྱས་པར་གཞིགས་ན། ཕྱི་ལོ་༢༠༠༨་ལོའི་ཕྱི་ཟླ་༤་ཚེས་༢༩་ཉིན་འཇིག་རྟེན་མི་ཡུལ་ནས་ཁ་བྲལ་བའི་ཉིན་མོ་ཞིག་ལ་ངོས་འཛིན་ན་ཆོག་ལུགས་བརྗོད་འདུག དེ་ནི་ཚ་བ་མདའ་སྨྱུག་གི་མིང་ཐོག་ནས་ཟླ་དུས་ཚེས་གྲངས་བཀོད་པའི་བརྩོམ་མཐའ་མ་དེ་ཕྱི་ལོ་༢༠༠༨་ཕྱི་ཟླ་༤་ཚེས་༢༩་ཡིན་པ་དང་། དེའི་རྗེས་ཁོང་གི་མིང་ཐོག་ནས་སྤེལ་བའི་བརྩོམ་རྩ་བ་ནས་མཐོང་རྒྱུ་མེད་པ་ཆགས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པ་ཞིག་ཡིན་འདུག
གོང་དུ་བརྗོད་པའི་སྤུན་ཉེ་དེས་རྫོང་ཁག་འདྲ་མིན་ལྔ་བཅུ་ཙམ་དང་། ཉེན་རྟོག་ལས་ཁང་། བཙོན་ཁང་དང་དེ་བཞིན་དགོན་པ་སོགས་ས་གནས་མང་པོའི་ནང་སོང་སྟེ་ཞིབ་དཔྱོད་བྱས་འདུག་ཀྱང་གར་ཡོད་རྩད་གཅོད་རྩ་བ་ནས་མ་ཐུབ་པར་བརྟེན། ད་ཆ་ཚ་བ་མདའ་སྨྱུག་འཆི་ཟིན་པར་གཏན་འཁེལ་ན་ཆོག་གི་འདུག་ཅེས་བརྗོད་པ་ལས། ཁོང་འཆི་ཟིན་པའི་དཔང་རྟགས་ཕུང་པོ་ལག་སོན་ཐུབ་པ་སོགས་གང་ཡང་བྱུང་མེད་པ་རེད། འོན་ཀྱང་ཉེ་འབྲེལ་གཞན་ཞིག་གིས་ཚ་བ་མདའ་སྨྱུག་གར་ཡོད་རྩ་བ་ནས་བརྩད་གཅོད་མ་ཐུབ་པ་ལས་འཆི་ཟིན་པར་ངོས་བཟུང་ཐུབ་ཐབས་མེད་སྟབས། འཆི་སོན་ངེས་མེད་ཀྱི་གནས་སྟངས་ཞིག་ཆགས་ཡོད་པ་བརྗོད་འདུག
ཚ་བ་མདའ་སྨྱུག་གར་ཡོད་ཞིབ་དཔྱོད་བྱས་པར་འགྲོ་མཁན་གྱི་སྤུན་ཉེ་དེས་བརྗོད་པའི་སྐད་ཆ་ནས་ཤེས་རྟོགས་ཐུབ་པར་གཞིགས་ན། སྤུན་ཉེ་དེ་དང་རོགས་པ་གཅིག་བཅས། ཨ་མདོའི་ཡུལ་ལུང་གང་སར་བརྩད་གཅོད་བྱེད་བཞིན་པའི་སྐབས། བླ་བྲང་དང་རེབ་གོང་། ཀིརྟི་དང་མཛོད་དགེ་སོགས་ཀྱི་དགོན་པ་མང་པོའི་ནང་ཚ་བ་མདའ་སྨྱུག་ངོ་ཤེས་མཁན་མང་པོ་ཡོད་པ་དང་། ཁོང་གར་སོང་ཆར་མེད་དུ་མ་སོང་སྔོན་མཛོད་དགེའི་དགོན་འདབས་ཀྱི་མི་རྒས་པོ་ཞིག་གི་ནང་ཁང་པ་གཡར་ཏེ་གླས་བསྡད་ཡོད་འདུག་ཅིང་། སྐབས་དེར་ཁོ་པར་སྟོད་ལོག་རྙིང་པ་འདྲ་དང་། སྣོད་ཐེབས་ཆག་རེ་། རླུང་འཕྲིན་འཕྲུལ་ཆས། དེབ་འགའ་ཤས་ཤིག་དང་བོད་སྨན་འདྲ་ཁ་ཤས་དེ་འདྲ་མ་གཏོགས་གཞན་གང་ཡང་མེད་པ་ཁང་བདག་རྒས་པོ་དེས་འགྲེལ་བརྗོད་བྱས་འདུག
དེའི་རྗེས་ཚ་བ་མདའ་སྨྱུག་གང་དུ་སོང་མེད་དང་ག་བར་བསྡད་ཡོད་མེད་སོགས་སུས་ཀྱང་ཤེས་རྟོགས་མེད་པར་གྱུར་ཡོད་འདུག གོང་དུ་བརྩད་གཅོད་བྱེད་པར་འགྲོ་མཁན་དེ་ནི་ཚ་བ་མདའ་སྨྱུག་དང་འབྲེལ་ཡོད་ཞིག་ཡིན་པ་དང་། ཁོང་གི་གཏམ་བཤད་དེ་དག་ཚ་བ་མདའ་སྨྱུག་གི་གླེང་སྟེགས་ཞེས་པའི་ཚོགས་པ་ཞིག་ཡོད་འདུག་པ་དེའི་ནང་གསུངས་པ་ཞིག་རེད་འདུག
ཚ་བ་མདའ་སྨྱུག་ཁོང་གི་ནམ་རྒྱུན་རྩོམ་ཡིག་སྤེལ་ས་ཚ་བ་སྒང་པའི་འབྲོག་ཁྱིམ་ཟེར་བའི་དྲ་རྒྱ་དེའི་ཐོག་༢༠༠༨་ལོའི་ཕྱི་ཟླ་༤་ཚེས་༢༩་ཉིན་རྩོམ་ཡིག་མཐའ་མ་དེ་སྤེལ་འདུག རྩོམ་ཡིག་མཐའ་མ་དེའི་ནང་། ༼མི་ལོ་གསུམ་གྱི་ཡར་སྔོན་དུ་ངས་བཤད་འདོད་པའི་སྐད་ཆ་ཁ་ཤས་ཀྱི་ཆེད་དུ་ཕ་མ་དང་དགེ་རྒན།སྤུན་ཟླ་དང་གྲོགས།ཐ་ན་ལྟེ་ཁྲག་འཐོར་སའི་ཕ་ས་དང་བཅས་ཀྱི་ལྟག་རྒྱབ་ཏུ་གཏོར་མ་གཡུག་གཡུག་གཡུགས་ནས་མི་ཡུལ་ས་མཐའ་རུ་འཁྱམ་དགོས་ཐུག་སོང་།ད་ལྟ་དེང་རབས་ཅན་གྱི་མཚོན་ཆ་ཐོགས་པའི་དམག་དཔུང་ཞིག་བོས་ཡོང་ནས་འཇིག་རྟེན་མི་ཆོས་ལས་འདས་པའི་གཉའ་གནོན་དང་བརྙས་བཅོས་དཔེ་མི་སྲིད་པ་ཞིག་ངའི་མགོ་ཐོག་ཏུ་འཇོག་འོང་གི་འདུག ད་ངས་ཅི་ཞིག་བློས་བཏོང་བྱས་ཏེ་གང་དུ་འབྲོ་དགོས་ཡིན་ནམ། ང་དངོས་གནས་ས་ཐོག་ཏུ་འདུག་མི་ཆོག་པ་ཨེ་ཡིན། འོ་ན་ངས་ནག་ཉེས་ཅི་ཞིག་བསགས་པ་རེད་དམ།༽ ཅེས་སོགས་བྲིས་ཡོད་འདུག་དེའི་རྗེས་ཁོང་གི་ཟིན་བྲིས་དྲ་རྒྱ་དེ་ཡང་སྒོ་བརྒྱབ་ཡོད་པ་རེད།
གཞིས་བཞུགས་རྩོམ་པ་པོ་ཚ་བ་མདའ་སྨྱུག་གམ་དངོས་མིང་ལ་གྲྭ་བློ་གྲོས་དཔལ་ལྡན་ཞུ་བ་ཁོང་ནི་ཁམས་ཚ་བ་སྒང། དབེན་མདའ་ཞེས་པར་ཕ་ཟ་སུ་དགེ་ལེགས་དང་མ་དཔེ་རུ་མ་ཡེ་ཤེས་དབང་མོ་གཉིས་ཀྱི་རིགས་སུ་སྤྱི་ལོ་༡༩༧༤ལོར་སྐྱེས།
ཁོ་ལ་སྤུན་བུ་མོ་གཅིག་དང་བུ་དྲུག་ཡོད་པའི་ནང་ནས་ཁོང་ཨང་བདུན་པ་དེ་ཡིན་ཞིང་ད་ལྟའི་སྐབས་སུ་སྤུན་མཆེད་གཅིག་དང་ཕ་འདས་ཟིན་པ་མ་གཏོགས་དེ་མིན་ནང་མི་ཚང་མ་གསོན་གནས་ཡོད་འདུག
ཚ་བ་མདའ་སྨྱུག་གི་རྩམ་པའི་པར་བསྐྲུན་ཚར་བ་དཔེ་ཁག་གཅིག་སྟེ་ལོག་རྟོགས་སྙིང་སྟོབས་ཟླ་འོད་གཞོན་ནུའི་འཁྲི་ཤིང་། སྟོད་ཆ་སྨད་ཆ་ཕྱིར་རྟོགས། དེ་བཞིན་༼བོད་ཀྱི་ལོ་རྒྱུས།༽ཟེར་བའི་དེབ་ཞིག་ཁོང་གི་པར་སྐྲུན་བྱེད་རན་པའི་སྐབས་སུ་ཁོང་གང་སོང་ཆར་མེད་དུ་གྱུར་ཡོད་པ་རེད།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།