རྔ་བར་ཞི་བའི་ཁྲོམ་སྐོར་བྱེད་མཁན་གཉིས་ལ་ཁྲིམས་ཐག་བཅད་པ།

2015-12-04
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ནས་བོད་དོན་ཆེད་ཁྲོམ་སྐོར་སྐད་འབོད་གནང་སྐབས། ༢༠༡༥།༣།༨
ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ནས་བོད་དོན་ཆེད་ཁྲོམ་སྐོར་སྐད་འབོད་གནང་སྐབས། ༢༠༡༥།༣།༨
བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

རྔ་བར་༧གོང་ས་མཆོག་བོད་ལ་ཕེབས་སུ་འཇུག་དགོས་བའི་ཞི་བའི་སྐད་འབོད་གནང་མཁན་དགེ་འདུན་པ་གཉིས་ལ་རྒྱ་ནག་གིས་ཁྲིམས་ཐག་བཅད་འདུག
དེ་ཡང་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་བཏང་བ་ལྟར་ན། འདི་ལོའི་ཕྱི་ཟླ་༡༠ཟླ་མཇུག་ཙམ་ལ་རྔ་པ་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས། རང་ལོ་༡༨ ཡིན་པ་ཁོང་ལ་རྔ་པ་ཁུལ་རྫོང་ནས་དུས་བཀག་ལོ་༤ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་སྐོར་དང་། རིང་མིན་ཟི་ཁྲོན་ཕྱོགས་ཀྱི་ཆབ་སྲིད་བཙོན་པ་མང་ཆེ་བ་བཙོན་བཅུག་བྱེད་སའི་མེན་ཡང་བཙོན་ཁང་དུ་སྐྱེལ་རྒྱུ་ཡིན་པ་ཙམ་ལས་ཁྲིམས་ཐག་ཇི་ལྟར་བཅད་པའི་གོ་རིམ་སོགས་ཞིབ་ཕྲ་ཤེས་རྟོགས་བྱུང་མེད་པ་འཁོད་འདུག
ད་དུང་གནས་ཚུལ་ནང་། དགེ་འདུན་ཕུན་ཚོགས་ལགས་ནི། སྤྱི་ལོ༢༠༡༥་ལོའི་ཟླ་༣ ཚེས་༨ཉིན་། ༧གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་ལ་ཁ་བཏགས་སེར་པོ་ཞིག་བསྒྲོན་ནས་རང་གི་མགོ་ཐོག་ཏུ་འཕྱར་ནས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དང་འདྲ་མཉམ་དགོས་ཞེས་སྐད་འབོད་བྱེད་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་སྟེང་གོམ་བགྲོད་གནང་མཁན་དེ་ཡིན་ཞིང་། ཉིན་དེར་འཛིན་བཟུང་བཙན་ཁྲིད་བྱས་པ་ནས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་པའི་སྐོར་དང། ཁོང་ནི་རྔ་བ་རྫོང་གཅའ་ཡུལ་ཚོའི་ཕྱུགས་ལས་འགབ་མའི་ཕ་བཀྲ་རྒྱ་དང་། མ་རིག་གོ་གཉིས་ཀྱི་བུ་ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་ལོ་སྔོན་མའི་ནང་སྔོན་འགྲོའི་འཛིན་གྲྭ་ཁག་མཐར་ཕྱིན་པའི་གྲས་ཤིག་ཡིན་པ་རེད།
དེ་བཞིན་གནས་ཚུལ་གཞན་ཞིག་ལ་འདི་ལོའི་ཕྱི་ཟླ་༡༡ཚེས་༢ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་། རང་ལོ་༡༩ ཡིན་པ་ཁོང་ལ་ལོ་༣དང་ཟླ་༦གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་ཁྲིམས་ཐག་ཇི་ལྟར་བཅད་པའི་གོ་རིམ་ཞིབ་ཕྲ་ཤེས་མ་བྱུང་ཅེས་དང་། རིང་མིན་ཁོང་ཡང་མེན་ཡང་བཙོན་ཁང་དུ་སྐྱེལ་རྒྱུ་ཡིན་པའི་གནས་ཚུལ་དང་བློ་བཟང་སྐལ་བཟང་ལགས་ནི་འདི་ལོའི་ཟླ་༣ཚེས་༡༧ ཉིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་སྟེང་དུ་ལག་པ་གཡོན་པས་༧གོང་ས་མཆོག་གི་སྐུ་པར་ཞིག་མཐོན་པོར་བཏེགས་ཤིང་། ལག་པ་གཡས་པས་རླུང་རྟ་གཏོར་བཞིན་བོད་ལ་རང་དབང་དགོས་ཞེས་སྐད་འབོད་གནང་མཁན་དེ་ཡིན་ཞིང་། ཁོང་དེ་ཉིན་འཛིན་བཟུང་བཙན་ཁྲིད་བྱས་བ་ཡིན་གནས་ཚུལ་ནང་འཁོད་འདུག

གསར་འགོད་པ་ཕྲེང་རིང་བསྟན་ནོར།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།