སླར་ཡང་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེག

བོད་ཀྱི་མདོ་སྨད་རྔ་པ་རྫོང་དུ་སླར་ཡང་བོད་མི་གཉིས་ཀྱིས་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད།

2011.10.07

༄༅༎ཕྱི་ཟླ་བཅུ་པའི་ཚེས་༧ རེས་གཟའ་པ་སངས་ཉིན་བོད་ཀྱི་མདོ་སྨད་རྔ་པ་རྫོང་དུ་སླར་ཡང་བོད་མི་གཉིས་ཀྱིས་རང་ལུས་མེ་བསྲེག་བཏང་སྟེ། རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད།
དེ་རིང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་ཁ་པར་བརྒྱུད་གནས་ཚུལ་ངོ་སྤྲོད་གནང་བའི་སྐབས། ད་ལྟ་རང་ཡང་བསྐྱར་བོད་མི་ཞིག་གིས་རྔ་པ་ཁྲོམ་གཞུང་དུ་རང་ལུས་མེ་བསྲེག་གཏོང་གི་ཡོད་པའི་མིག་མཐོང་གི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་མ་ཟད། དེ་བཞིན་དུ་བཞུགས་སྒར་ཀིརྟི་བྱེས་པ་གྲ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་བློ་བཟང་ཡེ་ཤེས་ལགས་དང༌། ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་གནས་ཚུལ་སྤེལ་བའི་ནང། ཕྱི་ཟླ་བཅུ་པའི་ཚེས་༧ ཉིན་གྱི་བོད་ནང་གི་སྔ་དྲོའི་ཚོུད་༡༡ དང་ཕྱེད་ཀའི་ཐོག་རྔ་པ་རྫོང་མཐའ་བ་གོང་མའི་འཇུག་རིས་ཚང་གི་བུ་ལོ་ན་༡༩ ཡིན་པ་ཆོས་འཕེལ་ལགས་དང༌། མཐའ་བ་གོང་མའི་གསོང་པོ་ཚང་གི་བུ་རང་ལོ་༡༨ ཡིན་པ་མཁའ་དབྱིངས་ཞུ་བ་གཉིས་ཀྱིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ་ཐོན་ནས་རང་ལུས་ལ་མེ་སྤར་ཞིང་ལག་གཉིས་ཐལ་མོ་སྦྱར་ཏེ། རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཡོད་པའི་སྐོར་དང༌། སྐབས་དེར་ཉེན་རྟོག་པ་ཡོང་སྟེ། ཁོང་གཉིས་ཀྱི་ལུས་སྟེང་གི་མེ་བསད་ཅིང་ཉེས་རྡུང་གཏོང་བཞིན་ས་གནས་རྫོང་མི་དམངས་སྨན་ཁང་དུ་ཁྲིད་ཡོད་པ་དང༌། ཉེན་རྟོག་པས་ཁོང་གཉིས་སྨན་ཁང་དུ་ཁྲིད་འགྲོ་བའི་སྐབས་མཁའ་དབྱིངས་ལགས་ཀྱིས་ཁུ་ཚུར་གནམ་དུ་འཕྱར་བཞིན་འབོད་ཚིག་སྒྲོག་ཡོད་ཀྱང་འབོད་ཚིག་གསལ་པོ་གོ་ཐོས་བྱུང་མེད་པ་རེད། འཇུག་རིས་ཚང་གི་བུ་ཆོས་འཕེལ་ལགས་གྱི་གནས་སྟངས་དངོས་སུ་མཐོང་མཁན་གྱིས་མི་སྣས་འགྲེལ་བརྗོད་བྱས་པར་གཞིགས་ན། དེ་ཉིན་བོད་ནང་གི་ཉིན་དགུང་ཚོུད་༡༢ ཙམ་ལ་ཁོང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་གོ་ཐོས་བྱུང་བའི་གནས་སྟངས་ངོ་སྤྲོད་བྱས་བྱུང་བ་ལས་དེ་མིན་གནས་ཚུལ་ཁ་གསལ་ཤེས་རྟོག་བྱུང་མེད་པ་རེད། ཆོས་འཕེལ་ལགས་དང་མཁའ་དབྱིངས་ལགས་གཉིས་ནི་དེ་སྔ་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་ཡིན་པ་དང་རྗེས་སུ་སྐྱ་སར་འབབ་པ་ཞིག་ཡིན་ཞིང༌། མཁའ་དབྱིངས་ལགས་ནི། ༢༠༠༨ ལོར་རྒྱ་ནག་གཞུང་གིས་དམར་གསོད་བཏང་བའི་མཐའ་བ་གོང་མའི་རྩེ་ཕྲུག་ཚང་གི་རྒྱལ་གཅེས་པ་བཀྲིས་ལགས་ཀྱི་ཚ་བོ་ཡིན་པ་རེད། དེང་སྐབས་རྔ་པ་རྫོང་ཁུལ་དུ་རྒྱ་ནག་གཞུང་གི་དམ་བསྒྲཌ་ཆེན་པོ་བྱེད་མུས་ཁར་དམག་མི་གང་སར་འགྲེམས་འཇོགས་བྱས་ཏེ་སྔར་བས་དམ་བསྒྲཌ་ཆེ་རུ་བཏང་ཡོད་པའི་སྐོར་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎