དེ་རིང་མདོ་བར་བོད་མི་གཉིས་ཀྱིས་རང་བསྲེགས་རྗེས་གྲོངས་འདུག

དེ་རིང་ཚེས་༡༢ཉིན་མདོ་སྨད་མཚོ་སྔོན་ཕྱོགས་ཀྱི་རེབ་གོང་མདོ་བ་ནས་བོད་མི་གཞོན་སྐྱེས་གཉིས་ནས་སྔ་ཕྱིར་བོད་དོན་སྐད་འབོད་མཉམ་རང་ལུས་མེ་བསྲེཊ་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་རྗེས་སྐུ་གྲོངས་འདུག

2012.11.12

སྙིང་དཀར་བཀྲ་ཤིས་
སྙིང་དཀར་བཀྲ་ཤིས་

དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་བ་དང་། ལྷག་དོན་བོན་རྒྱ་བསྟན་འཛིན་རབ་རྒྱས་དང་རྡོ་རྗེ་དབང་ཕྱུག་གཉིས་ནས་ཞིབ་ཕྲའི་གནས་ཚུལ་བཏང་བ་ལྟར། དེ་རིང་ཚེས་༡༢་ཉིན་རེབ་གོང་སྒྲོ་རོང་པོ་ནས་རང་ལོ་ ༢༤ ཡིན་པ་སྙིང་དཀར་བཀྲ་ཤིས་ཞུ་བ་ཞིག་གིས་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༣ དང་སྐར་མ་ ༡༥ ཙམ་ལ་སྒྲོ་རོང་པོའི་གད་དམར་ཐང་གི་སློབ་གྲྭའི་ནང་ “རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག” ”བོད་ལ་རང་དབང་དགོས”ཞེས་སྐད་འབོད་དང་བཅས་ཏེ། རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་ཕྱིན་འདུག

སྙིང་དཀར་བཀྲ་ཤིས་ནི་ཕ་བཀྲ་ཤིས་རྣམ་རྒྱལ་༼རང་ལོ་ ༤༧༽་དང་མ་མཁའ་འགྲོ་འཚོ་༼ལོ་བཞིའི་གོང་ཚེ་ལས་འདས་འདུག༽གཉིས་ཀྱི་བུ་ཡིན་པ་དང་། སྙིང་དཀར་བཀྲ་ཤིས་ཀྱི་ཆུང་མའི་མིང་ལ་འབྲུག་མོ་ཚེ་རིང་༼ལོ་ ༢༣༽ཡིན་འདུག་ལ། སྙིང་དཀར་བཀྲ་ཤིས་ཀྱི་ཨ་མ་འདས་རྗེས་ཁོང་གི་ཨ་ཕས་བུད་མེད་གཞན་ཞིག་དང་གཉེན་སྒྲིག་ཡོད་པ་དེའི་མིང་ལ་ལྷ་མོ་མཁར་ཟེར་གྱི་ཡོད་འདུག

གནས་ཚུལ་ལྟར་ན། དེ་རིང་དེ་གར་ཁ་སྔོན་འདས་གྲོངས་ཕྱིན་པ་རྒྱལ་གཅེས་དཔའ་མོ་རྟ་མགྲིན་མཚོ་དང་དཔའ་བོ་སྐལ་བཟང་སྦྱིན་པ་གཉིས་ཀྱི་ཆེད་མདོ་བ་དང་སྒྲོ་རོང་པོ་ཁུལ་དུ་སྨོན་ལམ་མཆོད་འབུལ་དང་། ནང་མིར་མྱ་ངན་སེམས་གསོའི་མི་ཚོགས་ཕོན་ཆེ་འཛོམས་སྐབས་དང་འཁེལ་ཡོད་པར་བརྟེན། སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་རང་ཁྱིམ་དུ་གདན་འདྲེན་ཞུས་ཏེ། མི་མང་གིས་སྲུང་སྐྱོབ་འོག་འདས་པོ་ཁོང་གི་ཆེད་རྗེས་འཇུག་སྨོན་ལམ་གསུང་འདོན་བྱེད་ཀྱི་ཡོད་འདུག

དེ་ཡང་། ཁ་སང་ཕྱི་ཚེས་ ༡༡ ཉིན་རྨ་ལྷོ་ཁུལ་དང་རེབ་གོང་༼ཐུན་རིན༽རྫོང་གི་ལས་བྱེད་མི་སྣ་མདོ་བ་ཞང་ཐོག་ཏུ་ཡོང་སྟེ། ཕྱི་ཚེས་ ༧ ཉིན་རྟ་མགྲིན་འཚོ་དང་། ཕྱི་ཚེས་ ༨ ཉིན་སྐལ་བཟང་སྦྱིན་པ་གཉིས་ཀྱིས་མེར་སྲེག་གཏོང་དགོས་པའི་རྒྱུ་མཚན་དང་། ཕྱི་ཕྱོགས་ཀྱི་ངན་སྐུལ་ཡོད་མེད། བྱེད་སྟངས་འདི་རིགས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་འགལ་བ་ཡིན་ཚུལ་སོགས་ཀྱི་གཏམ་བཤད་སྤེལ་བ་དང་། དེ་རིང་ཕྱི་ཚེས་ ༡༢ ་ཉིན་ཀྲུང་དབྱང་དང་ཞིང་ཆེན་རིམ་པ་ནས་འབྲེལ་ཡོད་ལས་བྱེད་རླངས་འཁོར་བདུན་ཡོང་སྟེ། སྡེ་དཔོན་དང་འབྲེལ་ཡོད་ཁག་འབོད་འགུགས་ཀྱིས་གཏམ་བཤད་སྤེལ་བཞིན་པའི་སྐབས་སུ་ཁོང་གིས་རང་ལུས་མེར་བསྲེགས་བཏང་བ་ཞིག་ཡིན་འདུག

གཞན་ཡང་གནས་ཚུལ་འབྱོར་དོན་ལྟར་ན། ཁ་སང་ཕྱི་ཚེས་ ༡༡ ཉིན་རྨ་ལྷོ་ཁུལ་དང་རེབ་གོང་༼ཐུན་རིན༽རྫོང་གི་ལས་བྱེད་ཁག་ཅིག་ཡོང་སྟེ། མེ་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་དང་། ད་དུང་མུ་མཐུད་ནས་འདི་འདྲ་ཡོང་གི་ཡོད་མེད། མང་ཚོགས་ཀྱི་ནང་ལ་བསམ་ཚུལ་ག་རེ་ཡོང་གི་ཡོད་མེད་དང་། ས་གནས་ལས་བྱེད་པའི་ནང་ལ་བསམ་ཚུལ་ག་རེ་ཡོད་མེད་སོགས་དྲིས་སྐབས། མདོ་བ་ཞང་སྒྲོ་རོང་པོ་སྡེ་བའི་དམར་ཤོག་ཧྲུའི་ཅི༼ཏ་ཏོས་ཧྲུའུ་ཅི༽ལྕགས་ལ་ཟེར་བ་རྒྱ་གཞུང་གི་ལས་ཀ་བྱས་ནས་ལོ་ ༡༥ ཕྱིན་ཡོད་པ་ཁོང་གིས། “མང་ཚོགས་ནང་ལ་བསམ་ཚུལ་ག་རེ་ཡོད་མེད་ཧ་གོ་མ་སོང་། ངས་བསམ་ན། མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་༸གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པ་དང་། གསོལ་བ་སྨོན་ལམ་བརྒྱབ་མི་ཆོག་པ། གཙོ་བོ་༸གོང་ས་མཆོག་ཕྱི་ལོགས་ལ་ཕུད་པ་དང་། བོད་ལ་ཕེབས་འཇུག་གི་མེད་པ། པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་བཙོན་ཁང་དུ་བཀག་པ། བོད་ལ་རང་དབང་གཙང་མ་མེད་པ་བཅས་ལ་བརྟེན་ནས། རང་ལུས་མེར་བསྲེགས་གཏོང་དགོས་པ་འདི་ལ་ཐུག་པ་རེད།” ཅེས་དྲི་བ་འགོད་མཁན་འབྲེལ་ཡོད་ལས་བྱེད་ལ་བཤད་འདུག་པར། ཡུལ་མི་ཚོ་ཁོང་གི་བསམ་ཚུལ་འདི་ལ་ཧ་ལས་པའི་ཚོད་དུ་འདུག་པ་དང་། ལས་བྱེད་ཅིག་གིས་དེ་ལྟར་བཤད་པར་ཆེ་བསྟོད་བྱེད་པ་དང་བློ་ཁོག་ཆེན་པོ་འདུག་ཅེས་བསྔགས་བརྗོད་བྱེད་ཀྱིན་འདུག

ཡང་ས་གནས་བོད་མི་ཞིག་གིས་བརྗོད་ན། སྙིང་དཀར་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་ནི། རེབ་གོང་༼ཐུན་རིན༽རྫོང་གི་དབང་ཆ་ཆེ་ཤོས་ཡིན་པ་དམར་ཕྱོགས་དྲུང་ཆེ༼Jiang Shucheng ༽ ཅང་ཧྲུའུ་ཁྲིན་ཟེར་བ་དེ་ཉེ་ལམ་མདོ་བ་ཞང་ཐོག་ཏུ་ཡོང་སྟེ། རྒྱལ་བ་རིན་པོ་ཆེའི་སྐུ་པར་བཤམས་མི་ཆོག་པའི་བཙན་བཀའ་བཏང་བ་སོགས་ལ་བརྟེན་ནས་འདི་བྱུང་བ་རེད་ཅེས་བརྗོད་འདུག

དཔའ་བོ་ཁོང་གིས་ཁ་ཆེམས་ཡི་གེ་ཞིག་བཞག་འདུག་པ་དེ་འབྲེལ་ཡོད་ཅིག་ནས་ཀློག་འདོན་དང་འདི་ནས་ཕབ་བཤུ་ཞུས་པར། ཁ་ཆེམས་ཡི་གེར། “རྒྱལ་བ་པཎ་ཆེན་རྣམ་གཉིས་གཙོར་མཛད་པའི་བོད་མི་ས་ཡ་དྲུག་ལ། བོད་རང་དབང་དགོས། བོད་རང་བཙན་དགོས། བོད་ཡིག་སློབ་རྒྱུའི་རང་དབང་དགོས། ཕ་སྐད་བཤད་རྒྱུའི་རང་དབང་དགོས། པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་བྱེད་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་སུ་འཇུག་དགོས། རང་ལུས་མེར་བསྲེགས་བྱས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་པ་ཡིན། ཕ་བཀྲ་ཤིས་རྣམ་རྒྱལ་གཙོར་མཛད་པའི་བཟའ་མི་ཡོངས་ཀྱིས་སེམས་ཁུར་དང་སྡུག་བསྔལ་བྱེད་མི་དགོས། དཀར་པོ་ཆོས་ལ་དད་རྒྱུ། དགེ་བའི་ལམ་ལ་ཞུགས་རྒྱུ་མཁྱེན། བདག་གི་རེ་བ་ནི། བོད་མི་ས་ཡ་དྲུག་གིས་བོད་ཡིག་སློབ་རྒྱུ། ཕ་སྐད་བཤད་རྒྱུ། བོད་ལྭ་གོན་པ། མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་མཁྱེན་ཞེས་སྙིང་དཀར་བཀྲ་ཤིས་ནས། ”ཞེས་བཀོད་འདུག

སྙིང་ལྕགས་འབུམ་
སྙིང་ལྕགས་འབུམ་

ཡང་དེ་ལྟར་ཆུ་ཚོད་གསུམ་ལྷག་ལས་མ་འགོར་བའི་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༧ དང་སྐར་མ་ ༡༨ སྟེང་། རེབ་གོང་མདོ་བ་འབྲོག་ཡོ་ལག་ར་རྒན་སྡེ་བ་ནས་ཡིན་པ་སྙིང་ལྕགས་འབུམ་༼ལོ  ༢༠ ༽ཞུ་བ་ཞིག་གིས་མདོ་བ་ཞང་སྲིད་གཞུང་གི་སྒོ་ཁ་ནས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་ཕྱིན་འདུག

ཁོང་གི་ཕ་མིང་ལ་ལྷ་ཕྱུག༼ ལོ་༤༤ ༽མ་མིང་ལ་ཚེ་རིང་མཚོ་༼ ལོ་༣༨ ༽གཉིས་ཀྱི་བུ་ཡིན་པ་དང་། ཁོང་གཉིས་ལ་ཕྲུ་གུ་གསུམ་ཡོད་པ་ནི། ཆེ་བ་བུ་སྙིང་ལྕགས་འབུམ་དང་། འབྲིང་བ་བུ་མོ་འབྲུག་མོ་མཚོ། ཆུང་བ་བུ་མོ་ཚེ་འབྲུག་སྐྱིད་བཅས་ཡིན།

དེ་རིང་མདོ་བ་ཞང་ཡོད་སར་མི་མང་པོ་འཛོམས་ཡོད་སྐབས་ལ་བརྟེན། སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་ཐད་ཀར་མདོ་བ་དགོན་པའི་ནང་གདན་ཞུས་ཀྱིས་སྨོན་ལམ་གསུང་འདོན་དང་། དེ་ནས་གྲྭ་པ་རྣམས་འདས་གྲོངས་སུ་ཕྱིན་རིགས་སྦྱིན་སྲེག་བྱེད་ས་ཞིག་ཡོད་པ་དེར་གདན་ཞུས་ཀྱིས་སྦྱིན་སྲེག་བྱེད་ཀྱི་ཡོད་འདུག ཁྱོན་མི་མང་ཉིས་སྟོང་ནས་སུམ་སྟོང་བརྒལ་བ་འདུ་འཛོམས་ཀྱིས། ༸གོང་ས་མཆོག་གི་ཞབས་བརྟན་“གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །”ཅེས་པ་དབྱངས་སྒྲོག་དང་། མ་ཎི་འདོན་པ་སོགས་བྱས་དང་བྱེད་བཞིན་ཡོད་འདུག་པ་ལས། ཞིབ་ཕྲའི་གནས་ཚུལ་ལག་སོན་མ་བྱུང་།

གཞན་ཡང་རེབ་གོང་རོང་འབྲོག་ཁུལ་དུ་རྫོང་དང་ཞང་སྲིད་གཞུང་གི་ལས་བྱེད་ཚོས་ས་གནས་མང་ཚོགས་ནང་གཏམ་བཤད་འདྲ་མིན་སྤེལ་བ་དང་། ༸གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པ། མི་མང་འདུ་འཛོམས་རིགས་མི་ཆོག་པ་སོགས་ཀྱི་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག་ལ། རེབ་གོང་༼ཐུན་རིན༽རྫོང་བློན་ཆོས་ཞང་ཟེར་བའི་ལས་ཁུངས་ནས་ཡི་གེ་ཞིག་བཀྲམས་འདུག་པའི་ནང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནམ་རྒྱུན་སྲུང་སྐྱོང་བྱ་རྒྱུ། མེས་རྒྱལ་གཅིག་གྱུར་ཡོང་བར་སྲུང་སྐྱོང་དང་། ཏཱ་ལའི་ཚོགས་པའི་ཁ་བྲལ་སིམ་འཛུལ་ངོ་རྒོལ་བྱ་དགོས་ཞེས་སོགས་བཀོད་འདུག

རྗེས་འབྲེལ་གནས་ཚུལ་ལྟར་ན། རེབ་གོང་༼ཐུན་རིན༽རྫོང་དུ་དྲ་རྒྱའི་སྐུད་ལམ་ཡང་བཅད་ཡོད་འདུག་ལ། དེ་རིང་དགོང་མོར་མདོ་བ་ས་ཁུལ་དུ་ཁ་པར་བརྒྱུད་ལམ་དང་གློག་བཅད་ཡོད་འདུག་སྟབས། ས་གནས་ཀྱི་མི་མང་གིས་ད་ནི་རྒྱ་ནག་གཞུང་གིས་དྲག་གནོན་བྱས་མི་ཡོང་ངམ་སྙམ་ནས་སེམས་ཁྲལ་བྱེད་ཀྱིན་ཡོད་འདུག

དེ་ལྟར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨པ་དེ་འགོ་འཛུགས་བྱ་རྒྱུའི་སྔ་ནུབ་ནས་བཟུང་ད་བར་བོད་ནང་བོད་མི་དགུ་ཡིས་བོད་ལ་རང་དབང་དགོས་པ་དང་། ༧གོང་ས་མཆོག་ལ་བོད་ལ་གདན་འདྲེན་ཞུ་དགོས་པའི་འབོད་ཚིག་བསྒྲགས་ནས་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད།

དམར་ཤོག་ཚོགས་པའི་ཚོགས་ཆེན་གྱི་ཞོར་འཕྲོས་བོད་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་པའི་སར། གཞུང་འབྲེལ་དཔོན་རིགས་ནས་བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་བཞིན་པ་དེ་ཕྱི་ཕྱོགས་སུ་ཡོད་པའི་ཁ་བྲལ་རུ་ཁག་གིས་བརྒྱུད་སྐུལ་བྱས་པ་ཞིག་ཡིན་ལུགས་བསྐྱར་ནན་བྱས་ཡོད་ཅིང༌། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཞོན་པ་བློ་བཟང་རྒྱལ་མཚན་གྱིས་ཕྱི་ཕྱོགས་སུ་ཡོད་པའི་བོད་རིགས་ཁ་བྲལ་སྟོབས་ཤུགས་དང་། ཏཱ་ལའི་རུ་ཚོགས་ཀྱིས་ཕུགས་ཀྱི་ཆབ་སྲིད་དམིགས་ཡུལ་འགྲུབ་ཐབས་སུ་མི་གཞན་གྱི་སྲོག་བློས་གཏོང་བྱེད་དུ་འཇུགས་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།  ཉེ་དུས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྤྱི་ཁྱབ་ལྕམ་Navi Pillay མཆོག་གིས་ བོད་ནང་ཕྱི་རྒྱལ་རྟོག་ཞིབ་ཚོགས་པ་གཏོང་དགོས་པའི་རེ་སྐུལ་ལ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་མི་མང་འཐུས་ཚོགས་ཀྱི་ཚོགས་གཙོ་བྱམ་པ་ཕུན་ཚོགས་ཀྱིས་ངོས་ལེན་བྱས་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎