རྒྱ་ནག་གི་ཚོགས་ཆེན་དང་བསྟུན་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་བྱས་འདུག


2017.10.18
རྒྱ་ནག་གི་ཚོགས་ཆེན་དང་བསྟུན་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ། ༢༠༡༧།༡༠།༡༨ རྒྱ་ནག་གི་ཚོགས་ཆེན་དང་བསྟུན་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ། ༢༠༡༧།༡༠།༡༨
TYC/FB

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱ་ནག་གི་ཚོགས་ཆེན་དང་བསྟུན་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་བྱས་སྐབས་ལས་འགུལ་བ་༥༠་ལྷག་འཛིན་བཟུང་བྱས་འདུག
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ཚེས་༡༨་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ ་པ་འགོ་ཚུགས་པ་དང་བསྟུན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་མདུན་བོད་རང་བཙན་དགོས་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་གནང་ཡོད་པ་དང་། ཁོང་རྣམས་ཀྱི་ལག་ལ་བོད་རང་བཙན་དགོས་སྐོར་སོགས་ཀྱི་འབོད་ཚིག་འཁོད་པའི་འཕྲེད་དར་འཁྱེར་གནང་སྟེ་རྒྱ་མིའི་གཞུང་ཚབ་ནང་འཛུལ་ཐབས་གནང་སྐབས་རྒྱ་གར་གྱི་ཉེན་རྟོག་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་དང་། ཚོགས་གཞོན་རྟ་མགྲིན་ཧྲི་གཅོད་ལགས། སྤྱི་ཚོགས་ཞབས་ཞུའི་འགན་འཛིན་བཀྲིས་དར་རྒྱས་ལགས། དེ་བཞིན་ལྡི་ལི་རོ་ཧི་ནི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མཐོ་རིམ་སློབ་མ་ལས་འགུལ་བ་བཅས་མི་གྲངས་༥༠་ལྷག་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་རྗེས་ཉིན་དེའི་དགོང་མོར་གློད་བཀྲོལ་བཏང་འདུག
དེ་བཞིན་སྤྱི་ཚེས་༡༨་ཉིན་གཅིག་མཚུངས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དང་། (California)སོགས་རྒྱལ་ཁབ་ཁག་མང་པོའི་གྲོང་ཁྱེར་ཆེ་ཁག་ནང་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ་དང་། བོད་རང་དབང་སློབ་ཕྲུག་ཚོགས་པ་སོགས་ཀྱིས་གོ་སྒྲིག་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྔམ་སྟོན་སྐད་འབོད་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་འདུག
དེའི་སྐོར་རྒྱ་གར་གྱི་བརྙན་འཕྲིན་ལས་ཁང་(ANI)་ཡིས་ས་གནས་ནས་གནས་ཚུལ་སྤེལ་དོན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དང་རྒྱབ་སྐྱོར་བ་རྣམས་རྒྱ་ནག་གི་གཞུང་ཚབ་མདུན་འདུ་འཛོམས་གནང་སྟེ་རྒྱ་ནག་གཞུང་གི་བཙན་དབང་འོག་ནས་བོད་རང་བཙན་དགོས་པའི་ངོ་རྒོལ་སྐད་འབོད་གནང་མ་ཟད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ཀྱི་གནད་དོན་ཤེས་པའི་ཐོག་ནས་བོད་རང་བཙན་སྤྲོད་དགོས་པའི་སྐད་འབོད་གནང་སྐོར་དང་། ཡང་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་གིས་སྣུམ་འཁོར་ནང་ཁྲིད་བཞིན་པའི་བོད་པའི་གཞོན་སྐྱེས་ཤིག་གིས་གསུངས་དོན། ང་ཚོར་བོད་རང་བཙན་དགོས། འདས་པའི་ལོ་༦༠་རིང་རྒྱ་ནག་གིས་བོད་བཙན་དབང་བྱེད་མུས་རེད། བོད་ནང་གི་བོད་མི་༡༦༠་ལྷག་གིས་བོད་ཀྱི་བསྟན་པ་ཆབ་སྲིད་དང་བོད་མི་རིགས་བཅས་པའི་དོན་དུ་རང་ལུས་མེར་བསྲེགས་གནང་ཡོད་ང་ཚོས་ཁོང་རྣམས་ཀྱི་བཀྲིན་བསམ་བཞིན་དུ་རྗེས་སུ་ཡིད་རང་ཞུ་ཡི་ཡོད་ལ་ཁོང་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཡི་ཡོད། ང་ཚོར་རང་དབང་དགོས་ང་ཚོར་བོད་རང་བཙན་དགོས་ཅེས་གསུངས་འདུག
ད་རིང་ཕྱི་ཚེས་༡༨་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པ་དེ་འགོ་བཙུགས་དང་བསྟུན་ནས། བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོས་པའི་འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་མང་པོའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ཐོག་བཙན་དབང་མཚམས་འཇོག་དགོས་པ་དང་། བོད་ནང་གི་བོད་མིའི་རེ་འབོད་ཁག་ལ་ཉན་འཇོག་དགོས་པའི་དགོས་འདུན་སྟོན་ནས་རྔམ་སྟོན་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་དང་སྤེལ་བཞིན་པ་རེད་ལ་དེའི་སྐོར་རྒྱ་གར་གྱི་གསར་ལམ་ཁག་ཙམ་མ་ཟད། ཨ་རིའི་(The Washington Post)་སོགས་རྒྱལ་སྤྱིའི་གསར་ཤོག་ཁག་གིས་ཀྱང་གནས་ཚུལ་སྤེལ་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎