མ་ཡན་མར་གྱི་ཁ་ཆའི་གནད་དོན་ཐོག་རྒྱལ་ཚོགས་ནས་ཐུགས་སྣང་།

2017-09-12
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
རོ་ཧིང་རྒྱའི་ནང་འབྱུང་བཞིན་པའི་ཛ་དྲག་གི་གནས་སྟངས།
རོ་ཧིང་རྒྱའི་ནང་འབྱུང་བཞིན་པའི་ཛ་དྲག་གི་གནས་སྟངས།
Photo: RFA

༄༅།    །མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ནས་མ་ཡན་མར་ནང་རོ་ཧིང་རྒྱ་Rohingya ཁ་ཆེའི་མི་རིགས་ཁྲི་གསུམ་བཅུ་ལྷག་ཙམ་མི་རིགས་དབྱེ་སེལ་དང་འདྲ་བའི་བྱ་འགུལ་གྱི་རྐྱེན་པས་ཡུལ་དེ་ནས་ཕྱི་ཕྱོགས་སུ་བྲོས་བྱོལ་དུ་འགྲོ་དགོས་བྱུང་བའི་གནས་སྟངས་འོག་མ་ཡན་མར་ནང་རོ་ཧིང་རྒྱ་Rohingyar ཁ་ཆེའི་མི་རིགས་གཙང་སེལ་ཆགས་སྲིད་པའི་ཉེན་བརྡ་བཏང་བའི་རྗེས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གནད་དོན་དེའི་ཐད་ལས་འཛིན་ལྷན་ཚོགས་ཐོག་གཟའ་ལྷག་པའི་ཉིན་ཛ་དྲག་གི་གྲོས་བསྡུར་བྱ་རྒྱུའི་ཐག་གཅོད་བྱུང་འདུག་ཅིང་།    ར་ཁི་ནི་Rakhine མངའ་སྡེའི་ནང་ཕྱི་ཟླ་བརྒྱད་པའི་ཟླ་མཇུག་ཏུ་ རོ་ཧིང་རྒྱ་Rohingya དམག་མིས་མ་ཡན་མར་གྱི་ས་གནས་ཉེན་རྟོག་ལྟ་སྲུང་ཁང་ཞིག་ལ་གཏོར་རྒོལ་བཏང་བའི་དོན་རྐྱེན་བྱུང་རྗེས་ཉེན་རྟོག་དམག་མིས་ རོ་ཧིང་རྒྱ་Rohingya ཁ་ཆེའི་མི་རིགས་ཐོག་གཏོར་རྒོལ་གྱི་བྱ་སྤྱོད་སྤེལ་ནས་ཁུལ་དེའི་ནང་གི་ཁ་ཆེའི་མི་རིགས་གསུམ་ཆ་གཅིག་ལྷག་ཁྱིམ་མཚེས་བཱང་ལ་དེ་ཤིའི་ནང་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་དང་།   མ་ཡན་མར་གྱི་དམག་དཔུང་དང་ཟང་ཟིང་སློང་མཁན་གྱི་ནང་པ་ཚོའི་གཏོར་རྒོལ་འོག་ནས་བྲོས་བྱོལ་དུ་སླེབས་པའི་རོ་ཧིང་རྒྱ་Rohingya ཁ་ཆེའི་མི་རིགས་ཚོས་ཁོང་ཚོར་འཕྲད་པའི་གནས་ཚུལ་བརྗོད་པའི་ནང་།   ཁོང་ཚོའི་སྡོད་ཁྱིམ་མེར་སྲེག་བཏང་བ་དང་།  གང་བྱུང་གིས་ཁ་ཆེའི་མི་རིགས་ཚོ་དམར་གསད་བཏང་པ་སོགས་བྱས་ཡོད་ན་ཡང་།  མ་ཡན་མར་སྲིད་གཞུང་གིས་བྱ་སྤྱོད་དེ་དག་སྤེལ་མཁན་དྲག་ཟིང་སློང་མཁན་ཚོས་སྤེལ་བ་ཡིན་པ་བརྗོད་ཀྱི་ཡོད་པའི་སྐོར་སོགས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། མ་ཡན་མར་ནང་འབྱུང་བཞིན་པའི་ཁ་ཆེའི་མི་རིགས་ཚོའི་ཐོག་གཏོར་རྒོལ་གྱི་བྱ་སྤྱོད་དེ་རིགས་ཐད་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་།  ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གནད་དོན་དེ་ཐག་གཅོད་ཡོང་ཐབས་སུ་ཛ་དྲག་གི་གྲོས་བསྡུར་བྱ་རྒྱུའི་ཐག་གཅོད་བྱུང་བ་སོགས་ཀྱིས་མ་ཡན་མར་ཡུལ་གྱི་དབུ་ཁྲིད་ལྕམ་ཨང་སན་སུའུ་ཅིས་གནད་དོན་དེའི་ཐོག་ཡང་དག་པའི་ཐག་གཅོད་མ་གནང་བར་སྐྱོན་བརྗོད་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པའི་གནོན་ཤུགས་འོག་གཟའ་ཟླ་བའི་ཉིན་མ་ཡན་མར་ཕྱི་སྲིད་ལས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་།  མ་ཡན་མར་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཡུལ་གྲུ་ཁག་གིས་འཇིགས་སྐུལ་དྲག་སྤྱོད་ཀྱི་བྱ་སྤྱོད་ལ་ཁ་རྡུང་བཏང་བར་དགའ་བསུ་ཞུ་རྒྱུའི་སྐོར་བཀོད་ཡོད་པ་ལས།   མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དཔོན་རིགས་ནས་གསུངས་བ་བཞིན་མི་རིགས་གཙང་སེལ་སྐོར་གང་ཡང་འཁོད་མེད་པའི་ཁར་མ་ཡན་མར་དམག་དཔུང་གི་བྱ་སྤྱོད་ནི་མངའ་ཁུལ་གྱི་བརྟན་ལྷིང་ལ་སྲུང་སྐྱོབ་ཆེད་ཡིན་ལུགས་བཀོད་ཡོད་པ་རེད།
གསར་འགོད་པ་འཆི་མེད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།