༧གོང་ས་མཆོག་གི་ཡང་སྲིད་གང་འདོད་རྫུན་བཟོ་མ་བྱེད་རོགས།

2017-05-17
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་པས་གྲོས་ཚོགས་ནང་གསར་འགོད་ལྷན་ཚོགས་གནང་སྐབས། ༢༠༡༧།༥།༡༦
ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་པས་གྲོས་ཚོགས་ནང་གསར་འགོད་ལྷན་ཚོགས་གནང་སྐབས། ༢༠༡༧།༥།༡༦
པ་སངས་དོན་ལྡན།/RFA

རྒྱ་ནག་གཞུང་གིས་བཙན་དབང་དང་རང་མོས་ལྟར་རྒྱལ་བའི་ཡང་སྲིད་རྫུན་བཟོ་མ་བྱེད་རོགས་ཞེས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་གསུང་ཡོད་པ་རེད།
དེ་ཡང་འདི་ཟླའི་སྤྱི་ཚེས་༡༦ཉིན། ཨ་རིའི་གྲོས་ཚོགས་ནང་ཉེ་ཆར་རྒྱ་གར་བཞུགས་སྒར་རྡ་རམ་ས་ལ་སོགས་སུ་གཟིགས་སྐོར་ལ་ཕེབས་མཁན་ལྕམ་སྐུ་ནེན་སི་པེ་ལོ་སི་ (Nancy Pelosi )མཆོག་གིས་སྣེ་འཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གིས་གསར་འགོད་ལྷན་ཚོགས་བསྡུས་ཏེ། འཐུས་མི་རེ་རེ་ནས་ཐེངས་འདིའི་གཟིགས་སྐོར་གྱི་གནས་ཚུལ་དང་འབྲེལ་ནས་བོད་དོན་དང་འབྲེལ་བའི་བསྒྲགས་གཏམ་སྤེལ་ཡོད་པ་རེད། གྲོས་ཚོགས་འཐུས་མི་སྐུ་ཞབས་ཨི་ལོ་ཡི་ཊི་ཨེན་ཇེལ་ (Eliot Engel )མཆོག་གིས་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་གནས་སྟངས་སོགས་བརྗོད་ནས། ཨ་རིའི་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་བཞིན་པ་དེ་དང་བོད་མི་རྣམས་ཀྱིས་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་བཞིན་པ་གཉིས་དབར་ནང་འགལ་གང་ཡང་མེད། དེར་བརྟེན་རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གང་མགྱོགས་སླར་གསོ་ཞུ་དགོས། བོད་མི་རྣམས་ལ་དྲག་གནོན་དང་བསུན་གཙེར་སོགས་ཀྱི་འཇིགས་སྣང་གང་ཡང་མེད་པར་རང་དབང་ཐོག་ནས་རང་གི་ཐུན་མིན་རིག་གཞུང་དང་ཆོས། སྐད་ཡིག་སོགས་འཛིན་སྐྱོང་སྤེལ་གསུམ་བྱེད་འཇུག་དགོས་ཞེས་དང་། ང་ཚོ་བཞིན་གལ་ཏེ་ཁྱེད་རྣམ་པ་ཀྱང་བོད་མི་ཚོ་དང་མཉམ་སྡོད་བྱས་པ་ཡིན་ན་པེ་ཅིང་སྲིད་གཞུང་གིས་བཤད་པ་དང་གཏན་ནས་མི་འདྲ་བ་ཞིག་ཡིན་པ་ཤེས་རྟོགས་ཐུབ་རྒྱུ་རེད་ཅེས་དང་། རྒྱ་ནག་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་མ་འོངས་ཡང་སྲིད་ཀྱི་ཐོག་ཐེ་ཇུས་བྱུས་མ་བྱེད་རོགས། གནད་དོན་དེ་ནི་བོད་མི་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཐུགས་ཐག་གཅོད་གནང་མཛད་རྒྱུ་རེད། ཁོང་ད་ལྟ་དགུང་གྲངས་ ༨༢ བཞེས་ཡོད། རྒྱ་ནག་གཞུང་གིས་བཙན་དབང་དང་རང་མོས་ལྟར་༧རྒྱལ་བའི་ཡང་སྲིད་རྫུན་བཟོ་མ་བྱེད་རོགས། ༧རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ནི་ཆོས་ཕྱོགས་ལས་ཆབ་སྲིད་ཀྱི་གནད་དོན་ཞིག་རྩ་བ་ནས་མིན་ཞེས་སོགས་གསུང་ཡོད་པ་རེད།
དེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་Jim McGovern མཆོག་གིས། ཁོང་དང་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ནང་རྒྱ་ནག་ཏུ་ཕེབས་སྐབས། རྒྱ་ནག་གཞུང་གིས་ཁོང་རྣམས་བོད་དུ་འགྲོ་རྒྱུའི་ཆོག་མཆན་གནང་བྱུང་བར་ཏོག་ཙམ་ཡ་མཚན་སྐྱེས་བྱུང་། འོན་ཀྱང་དེ་ནི་རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་བོད་མིའི་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པའི་རེ་བ་ཞུས་ཀྱང་བློ་ཕམ་པ་ཞིག་ལ་བོད་ནང་གི་གནས་སྟངས་དང་བོད་མི་བྲོས་བྱོལ་བའི་དཀའ་ངལ་དེ་མུ་མཐུད་དུ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས་ད་ལན་ཁོང་རྣམས་བཞུགས་སྒར་དུ་བཅར་བ་དེ་ནི་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་མ་སེལ་བར་ཡལ་འགྲོ་རྒྱུ་ཞིག་རྩ་བ་ཉིད་ནས་མིན་པའི་བརྡ་ལན་གཏོང་ཆེད་ཡིན་ཞེས་གསུངས་འདུག
ད་དུང་ཁོང་གིས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་བལ་ཡུལ་གྱི་སྲིད་བློན་མཆོག་དང་། ཕྱི་སྲིད་བློན་ཆེན་མཆོག དེ་བཞིན་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་སོགས་འབྲེལ་ཡོད་དབུ་ཁྲིད་རྣམས་དང་མཇལ་ནས་བལ་ཡུལ་ནང་གི་བོད་མི་རྣམས་ལ་ཐོབ་ཐང་ལག་འཁྱེར་དང་དགོས་ངེས་ཡིག་ཆ་སོགས་སྤྲད་ནས་ཁྲིམས་མཐུན་བཟོ་དགོས་པའི་འབོད་སྐུལ་ཞུས་པ་ཡིན་ཞེས་གསུངས་འདུག
དེ་བཞིན་ཁོང་གིས་ཨ་རིའི་གཞུང་གིས་རྒྱལ་ཁབ་གཞན་དང་མཉམ་རུབ་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་བོད་དོན་སྐོར་གླེང་སློང་ཡང་ཡང་གནང་ཐབས་གནང་རོགས་ཞུ་རྒྱུ་ཡིན། ང་ཚོས་ཐེངས་འདིར་འཇར་མན་དུ་ཡུལ་དེའི་བདེ་སྲུང་སློབ་སྟོན་པ་མཆོག་དང་མཇལ་འཕྲད་ཞུས་ནས་བོད་དོན་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད། སྦེལ་འཇམ་ཡུལ་དུ་རྟེན་གཞི་བྱས་པའི་ཡུ་རོབ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ལ་མཉམ་རུབ་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་རེ་འདུན་བཏོན་པ་ཡིན་ཞེས་གསུངས་འདུག
ཡང་ཨ་རིའི་གྲོས་ཚོགས་ནང་སྤྱི་མཐུན་དང་མང་གཙོ་ཚོགས་པ་ཐུན་མོང་ནས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཏོན་པ་མ་ཟད། སྲིད་འཛིན་(Trump)་མཆོག་གིས་བོད་ཀྱི་གནད་དོན་དེ་གལ་ཆེར་བརྩིས་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་དགོས་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མགྱོགས་མྱུར་མཇལ་འཕྲད་གནང་ནས་བོད་ཀྱི་གནད་དོན་མགྱོགས་མྱུར་སེལ་ཐབས་གནང་རོགས་ཞུ་རྒྱུ་ཡིན། རྒྱ་ནག་ནི་འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་རེད། འོན་ཀྱང་རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་དོགས་ཟོན་བྱ་རྒྱུ་མཚམས་འཇོགས་བྱེད་དགོས། འཚེ་མེད་ཞི་བ་དང་བྱམས་བརྩེ།  དྲང་བདེན་གོང་མཐོར་གཏོང་གནང་མཛད་མཁན་ཚང་མས་དགའ་མོས་ཞུ་ཡུལ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལྟ་བུར་རྒྱ་ནག་གཞུང་གིས་ཞེད་སྣང་བྱེད་དགོས་པ་དེར་ཡ་མཚན་སྐྱེས་བཞིན་འདུག ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་ཁ་བྲལ་ནམ་ཡང་གཏང་གི་མ་རེད།  གཙོ་བོ་རང་ཡུལ་བོད་དུ་ཕྱིར་ལོག་ནས་རང་གི་ཆོས་དང་རིག་གཞུང་འཛིན་སྐྱོང་བྱ་འདོད་ཁོ་ན་བྱེད་བཞིན་ཡོད། རང་དབང་གི་ཉིན་མོ་དེ་མགྱོགས་ནས་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ་དང་། གུ་རུ་ཆོས་སྐྱིད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།