ཨ་རིའི་གཞུང་ཚབ་ཁང་གི་སྲུང་བྱ་དོ་དམ་དུ་བཏང་།

ལི་བྷ་ཡའི་ནང་གི་ཨ་རིའི་གཞུང་ཚབ་ཆེན་མོ་བ་དང་། ལས་བྱེད་གསུམ་བཅས་སྐུ་སྲོག་བཀྲོངས་བའི་རྗེས། ཨེ་ཤེ་ཡའི་མངའ་ཁུལ་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་སྲུང་བྱ་དོ་དམ་དུ་བཏང་འདུག
2012-09-13
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅།     །ཉེ་ཆར་ཁ་ཆེའི་སྟོན་པ་Prophel  Mohammed ལ་དམའ་འབེབས་ཀྱི་བརྙན་པར་བཟོ་བཀོད་ཀྱིས་ཁྱབ་གདལ་ཕྱིན་པའི་རྗེས།  ཁ་ཆེའི་ཡུལ་གྲུ་དང་ལྷག་པར་དུ་ཕྱི་ཚེས་༡༡ཉིན་ལི་བྷ་ཡའི་ནང་། ཨ་རིའི་གཞུང་ལ་ངོ་རྒོལ་མཚོན་ཆེད་ཡུལ་དེའི་ནང་ཡོད་པའི་གཞུང་ཚབ་ཆེན་མོ་བ་དང་། ལས་བྱེད་གསུམ་བཅས་སྐུ་སྲོག་བཀྲོངས་ཡོད་པ་རེད། དེ་འདྲའི་ཛ་དྲག་གི་གནས་སྟངས་དེ་རིགས་ཁ་ཆེའི་ཆོས་ཉམས་ལེན་བྱེད་མཁན་ཤུགས་ཆེན་པོ་ཡོད་པའི་ཨིན་རྡོ་ནེ་ཤེ་ཡ་དང་། ཨཕ་གྷ་ནི་སི་ཏན། པ་ཀི་སི་ཏན་སོགས་ཀྱི་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དང་འབྲེལ་ཡོད་ལས་ཁུངས་ཁག་གི་སྲུང་སྐྱོབ་དམ་དྲག་ཆེ་རུ་བཏང་ཡོད་པས་མ་ཟད།  ད་ལྟའི་ཆར་ཡུལ་དེ་དག་གི་ནང་། ཝི་དྲོ་བརྙན་པར་དེ་བཞིན་ཁྱབ་གདལ་མི་འགྲོ་བའི་ཐབས་ཤེས་གནང་བཞིན་ཡོད་འདུག

དེ་ཡང་ཨིན་རྡོ་ནེ་ཤ་ཡའི་དྲིལ་བསྒྲགས་ལས་ཁུངས་ཀྱི་མགྲིན་ཚབ་པས། ང་ཚོའི་ངོས་ནས་ཝི་དྲོ་བརྙན་པར་འདི་རིགས་བཟོ་བཀོད་བྱས་པ་དེར་ངོ་རྒོལ་ཡོད། འོན་ཀྱང་དེས་རྐྱེན་པས་ཟིང་ཆ་ཡོང་གཞིའི་རིགས་ཀྱང་འདོད་པ་མེད་ལ་ང་ཚོའི་ངོས་ནས་སྔོན་འགོག་བྱེད་རྒྱུ་ཡིན་ཞེས་འགྲེལ་བརྗོད་བྱས་འདུག དེ་དང་ཕྱོགས་མཚུངས་ཨཕ་གྷ་ནི་སི་ཏན་ནང་། ཨ་རི་གཙོས་ཕྱི་རྒྱལ་དཔུང་དམག་མང་པོ་འགྲེམས་འཇོག་བྱས་ཡོད་པར་བརྟེན་ཟིང་ཆ་མི་ཡོང་བའི་ཆེད་སྲིད་འཛིན་མཆོག་ཕྱོགས་བསྐྱོད་གནང་རྒྱུའིམཛད་རིམ་ཡང་ཕྱིར་བཤོལ་གནང་ཡོད་པ་རེད། ཡང་པ་ཀི་སི་ཏན་ནང་དུའང་གཞུང་ཚབ་ཁང་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་ཉེན་ཁ་ཡོད་སྟབས་དེ་དག་ལ་གདོང་ལེན་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་སོགས་ཁ་ཆེའི་ཡུལ་གྲུ་ཁག་གི་ནང་ཨ་མི་རི་ཀའི་ཐོག་ཚུར་རྒོལ་བྱེད་རྒྱུའི་ཉེན་ཁ་ཆེན་པོ་ཆགས་ཡོད་པ་རེད། །

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།