༧གོང་ས་མཆོག་གིས་ཨ་རིའི་ཡུ་ཊ་མངའ་སྡེ་ནང་མཛད་འཆར་དབུ་ཚུཊ།


2016.06.21
༧གོང་ས་མཆོག་ཨ་རིའི་ཡུ་ཊ་མངའ་སྡེ་Salt Lake་གྲོང་ཁྱེར་ནང་ཞབས་སོར་འཁོད་སྐབས། ༢༠༡༦།༦།༢༠ ༧གོང་ས་མཆོག་ཨ་རིའི་ཡུ་ཊ་མངའ་སྡེ་Salt Lake་གྲོང་ཁྱེར་ནང་ཞབས་སོར་འཁོད་སྐབས། ༢༠༡༦།༦།༢༠
ཡེ་ཤེས་བཀྲ་ཤིས།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀའི་ཡུ་ཊ་Utah་མངའ་སྡེའི་Salt Lake་གྲོང་ཁྱེར་དུ། འདི་ཚེས་༢༠་ཉིན་ཞབས་སོར་བདེ་བར་འཁོད་སྐབས། གནམ་ཐང་དུ་གྲོང་ཁྱེར་སྤྱི་ཁྱབ་Jackie Biskupske་མཆོག་དང་། Salt Lake་རྫོང་དཔོན་Ben McAdams་གཙོས་པའི་གྲོང་ཁྱེར་དེའི་དབུ་ཁྲིད་ཁག་ཅིག་ཕེབས་བསུར་བཅར་འདུག།
གནམ་ཐང་ནས་Grand America་ཞེས་པའི་བཞུགས་གནས་གསོལ་མགྲོན་ཁང་དུ་ཞབས་སོར་འཁོད་སྐབས། ཁུལ་དེའི་ནང་གི་བོད་མི་༣༠༠ཙམ་ཞིག་གིས་
དགའ་དད་སྤྲོ་གསུམ་ངང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕེབས་སྒུག་ཞུ་བཞིན་ཡོད་པ་ལྟར། གསོལ་མགྲོན་ཁང་མདུན་ཞབས་སོར་འཁོད་མ་ཐག་Utah་ས་གནས་བོད་རིགས་ཚོགས་པས་གོ་སྒྲིག་ཞུས་པའི་བོད་རིགས་ན་གཞོན་ཕོ་མོ་གཉིས་ནས་བོད་ལུགས་ལྟར་གྲོ་སོ་ཕྱེ་མར་འདེགས་འབུལ་ཞུས་ཏེ་༧གོང་ས་མཆོག་ལ་ཕེབས་བསུ་ཞུས་འདུག།
Utah་བོད་རིགས་སྤྱི་མཐུན་ཚོགས་པས་༧གོང་ས་མཆོག་གི་ད་རེས་ཆིབས་བསྒྱུར་གྱི་གྲ་སྒྲིག་ལོ་གཉིས་གོང་ནས་ཞུས་ཡོད་ཅིང། ཚེས་༢༡་ཉིན་༧གོང་ས་མཆོག་གིས་Utah་གཙུག་ལག་སློབ་གྲྭ་ཆེན་མོར་གསུང་བཤད་སྩལ་གནང་མཛད་རྒྱུའི་མཛད་འཆར་འདུག།
གོང་ཞུས་གསུང་བཤད་དེ་མ་གནང་གོང། ༧གོང་ས་མཆོག་གིས་Utah་མངའ་སྡེའི་སྲིད་སྐྱོང་གཙོས་པའི་འཛིན་སྐྱོང་དཔོན་རིགས་ལྷན་ཉིན་གུང་ལྗག་སྨིན་ལྷན་བཞེས་གནང་ཡག་རེད་འདུག།
Utah་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་Gary Herbertམཆོག་གི་མགྲིན་ཚབ་པ་Jon Cox གིས། སྲིད་སྐྱོང་Garyམཆོག་དང་སྲིད་སྐྱོང་སྐུ་གཞོན་Spencer Cox་རྣམ་གཉིས་ཀྱིས་༧གོང་ས་༧ཏཱ་ལའི་བླ་མ་མཆོག་མཇལ་འཕྲད་ཞུ་རྒྱུ་ཡིན་སྐོར་གསུང་འདུག་ཀྱང་༧གོང་ས་མཆོག་གི་སྐུའི་སྲུང་སྐྱོབ་བདེ་འཇགས་ཀྱི་གནད་དོན་ཐོག་ནས་དབུ་ཁྲིད་རྣམ་པའི་དབར་མཇལ་འཕྲད་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ཕྱིར་བསྒྲགས་གནང་རྒྱུ་མིན་ལུགས་འགྲེལ་བརྗོད་གནང་འདུག།
སང་ཉིན་ཚེས་༢༢་ཉིན་༧གོང་ས་མཆོག་Utah་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་གསར་པར་ཆིབས་བསྒྱུར་བཀྲིན་ཆེ་གནང་མཛད་ཀྱི་འདུག་ལ། ཉེ་དུས་གསར་དུ་འདེམས་ཐོན་བྱུང་བའི་བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་ཕྱག་མཛོད་ཚང་པདྨ་ལགས་ཀྱིས། དགའ་ཚོར་ཆེན་པོའི་ངང་ནས་༧གོང་ས་མཆོག་ཁུལ་དེར་ཕེབས་པར་དགའ་བསུ་ཞུས་གནང་འདུག་ལ་ཁོང་མོས་༧གོང་ས་མཆོག་ནི་འཛམ་གླིང་འདིའི་ཐོག་བྱམས་བརྩེ་བདག་ཉིད་ཀྱི་དམིགས་དཔེ་རླབས་ཆེན་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎