རྩོམ་པ་པོ་ཞིག་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་སྐབས་རྐྱེན་འདས།


2015.06.28
རྩོམ་པ་པོ་ཁ་བ་སྙིང་ལྕགས་དང་རྩམ་ཆོས་འབུ་མེ་ལྕེབས། རྩོམ་པ་པོ་ཁ་བ་སྙིང་ལྕགས་དང་རྩམ་ཆོས་འབུ་མེ་ལྕེབས།
དྲ་བཤུས

བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་ཁ་བ་སྙིང་ལྕགས་ལགས་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་སྐབས་ཚེ་སྲོག་ཤོར་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་དོན། ༢༠༡༥ལོའི་ཟླ་༦་ཚེས་༢༦ཉིན་གྱི་ཕྱི་དྲོ་ཙམ་ལ་བོད་ཀྱི་ན་གཞོན་རྩོམ་པ་པོ་ཁ་བ་སྙིང་ལྕགས་ལགས་མཚོ་སྔོན་གུང་ཧོ་རྫོང་མཚོ་སྔོན་པོ་ཅང་སི་སྟེ་ཁོང་གི་ཕ་ཡུལ་ནས་མཚོ་སྔོན་པོའི་ནང་གི་གསེར་ཉ་སྲུང་སྐྱོབ་ཆེད་ཉ་རྒྱ་ལེན་པར་བསྐྱོད་སྐབས་སྟབས་མ་ལེགས་པར་འདས་གྲོངས་སུ་གྱུར་ཡོད་པ་དང་། ས་གནས་བོད་མི་ཞིག་གིས་བརྗོད་དོན། སྤྱི་ཟླ༦པའི་ཚེས༢༥ཉིན་ཁོང་གིས་ས་གནས་ཀྱི་ན་གཞོན་སྐོར་ཞིག་དང་ལྷན་དུ་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་དང་ས་གནས་མི་རིགས་ཀྱི་རྩིས་ཐང་སྲུང་སྐྱོབ་ཞེས་བའི་བྱ་འགུལ་སྤེལ་ནས་གསང་སྟབས་ཀྱིས་མཚོ་སྔོན་པོ་ནས་གསེར་ཉ་འཛིན་མཁན་རྒྱ་རིགས་ཉ་འཛིན་མཁན་སྐོར་ཞིག་བཀག་འགོག་བྱས་མོད། དེ་དག་གིས་ཁས་ལེན་མ་བྱས་པར་བརྟེན་ཉིན་གཉིས་པ་སྟེ་ཚེས་༢༦ཉིན་གྱི་དགོང་དྲོར་ཁོང་གིས་ན་གཞོན་སྐོར་ཞིག་ཁྲིད་དེ་མཚོ་ནང་དུ་འཕངས་པའི་ཉ་རྒྱ་མང་བོ་བླངས་ཤིང་དེ་གར་ཉ་འཛིན་མཁན་མི་ཡང་ཁ་ཤས་ལག་ཟིན་བྱུང་འདུག་མོད། འོན་ཀྱང་ཆེས་མཐའ་མཇུག་གི་ཉ་རྒྱ་དེ་ལེན་ཕྱིར་མཚོ་ནང་དུ་གོམ་པ་ཉི་ཤུ་ཙམ་ཕྱིན་རྗེས་སྟབས་མ་ལེགས་པར་ན་གཞོན་རྩོམ་པ་པོ་ཁོང་མཚོ་ནང་གི་ཐིམ་པ་དང་རྗེས་སུ་རྐྱེན་འདས་སུ་ཕྱིན་འདུག
གནས་ཚུལ་བྱུང་བ་དང་བོད་ནང་གི་ཤེས་ཡོན་པ་ཚོས། དྲ་ལམ་འཕྲིན་ལ་ཁོང་གི་ཚེ་སྲོག་ཤོར་བ་ནི་བོད་མི་རིགས་དང་ལྷག་པར་མི་རབས་གསར་བའི་གྱོང་གུད་ཡིན་ཚུལ་གྱི་རྩོམ་ཡིག་དང་ཟིན་བྲིས་འདྲ་མིན་སྤེལ་ནས་ཁོང་ལ་མྱ་ངན་ཞུ་བཞིན་པ་མཐོང་རྒྱུ་འདུག
གོང་གི་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་སྐབས་ཚེ་སྲོག་ཤོར་བའི་ན་གཞོན་རྩོམ་པ་པོ་ཁ་བ་སྙིང་ལྕགས་ལགས་ནི་༡༩༨༩ལོར་མདོ་སྨད་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་ཟླ་ཚང་ཞེས་པར་སྐྱེས་བ་དང་། མིང་དངོས་ལ་སྙིང་ལྕགས་འབུམ་ཡིན། ༢༠༠༨ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་དཔལ་འབྱོར་དོ་དམ་སྡེ་ཁག་ལ་ཞུགས་པ་དང་༢༠༡༢ལོར་སློབ་ཆེན་དེའི་བོད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན། ༢༠༡༣ལོའི་ལོ་སྨད་ནས་བཟུང་བོད་ནང་གི་ན་ཆུང་སློབ་མའི་ཀློག་དེབ་ཨ་ནུ་དཔེ་ཚོགས་ཀྱི་གསར་རྩོམ་ལས་ཀ་གཉེར་བས་བོད་ནང་ཁུལ་དུ་དགའ་བསུ་ཐོབ་བཞིན་པ་དང་། ད་བར་ཁོང་ལ་རྩམ་ཆོས་འབུ་མེ་ལྕེབས་ཞེས་བའི་དེབ་ཕྲེང་གཉིས་དང་། དངོས་བཤུས་གློག་བརྙན་རྫ་ཆུ་ཁའི་བྱིས་བ་སོགས་འབོལ་རྩོམ་དང་སྙན་ངག་མང་པོ་ཡོད།
མཚོ་སྔོན་པོ་ནི་དེང་གི་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་ཡོད་པའི་མཚོ་ལྷོ་ ཁུལ་དང་མཚོ་བྱང་ཁུལ་གཉིས་ཀྱི་བར་དུ་གནས་བའི་མཚོ་ཞིག་ཡིན་པ་དང་། བོད་མི་ཚོས་ཁྲི་ཤོར་རྒྱལ་མོ་ཅེས་ཀྱང་འབོད། ཉེ་བའི་ལོ་ཤས་ནང་མཚོ་སྔོན་པོ་ནང་ནས་ཁྲིམས་འགལ་གྱི་ཉ་འཛིན་མཁན་མང་པོ་བྱུང་བཞིན་པ་དེར་ས་གནས་མང་ཚོགས་ཀྱིས་གསར་ཉ་སྲུང་སྐྱོབ་ཀྱི་ལས་དོན་ཕྱོགས་འདྲ་མིན་ ནས་སྤེལ་ཡོད་པར་ཁ་བ་སྙིང་ལྕགས་ལགས་མི་སྣ་གཙོ་གྲས་ཡིན་པ་རེད།


གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎