ཚེ་སྒྲུབ་ངོ་མ་དེ་རང་སེམས་ལ་ཞི་བདེ་དགོས། ༧གོང་ས་མཆོག་གིས།


2019.12.16
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་དུ་རྗེ་ཚེ་འཛིན་མའི་ཚེ་དབང་བསྩལ་སྐབས། ༢༠༡༩།༡༢།༡༦ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་དུ་རྗེ་ཚེ་འཛིན་མའི་ཚེ་དབང་བསྩལ་སྐབས། ༢༠༡༩།༡༢།༡༦
OHHDL

ཚེ་སྒྲུབ་ངོ་མ་དེ་སེམས་ལ་ཞི་བདེ་དགོས་པ་དང་དེས་ལུས་ཀྱི་འབྱུང་བ་སྙོམས་ཤིང་དེ་ལ་བརྟེན་ནས་ཚེ་རིང་པོ་ཡོང་རྒྱུ་ཡིན་པ་༧གོང་ས་མཆོག་གིས་བཀའ་དབང་སྐབས་གསུངས་འདུག
ཕྱི་ཟླ་༡༢་ཚེས་ ༡༦་རེས་གཟའ་ཟླ་བའི་ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཡོད་པའི་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དུ་དད་ལྡན་ཆོས་ཞུ་བ་སེར་སྐྱ་ཕོ་མོ་ཆིག་ཁྲི་བརྒལ་བར་རྗེ་ཚེ་འཛིན་མའི་ཚེ་དབང་བསྩལ་ཡོད།
བཀའ་དབང་སྔོན་འགྲོའི་སྒྲུབ་བཞག་གྲུབ་མཚམས་༧གོང་ས་མཆོག་གིས། དེ་རིང་འདིར་གཙོ་བོ་ཚེ་དབང་རེད། ཚེ་སྒྲུབ་ངོ་མ་དེ་སེམས་ལ་ཞི་བདེ་དགོས་བ་དང་། སེམས་ལྷོད་ལྷོད་བྱུང་ན། ལུས་ཀྱི་འབྱུང་བ་དེ་དག་ཆ་སྙོམས་པ་ཡོང་རྒྱུ་དང་།   ལུས་ཀྱི་འབྱུང་བ་དེ་དག་ཆ་སྙོམས་པོ་ཡོང་དུས་ལུས་ཀྱི་ཟུངས་དེ་དག་ཡར་སོས་ནས་ཚེ་རིང་པོ་བསྡད་རྒྱུ་ཡོང་གི་རེད། སེམས་ལ་ཆགས་སྡང་སྐྱེས་བཞིན་བསྡད་ནས་ཚེ་སྒྲུབ་དང་ཚེ་སྲུང་དུང་ཕྱུར་མང་པོ་བསགས་པ་ཡིན་ནའང་ཞེ་དྲག་ཕན་ཐོགས་མེད། ཆོས་ཀྱི་སྙིང་པོ་བྱང་ཆུབ་སེམས་རེད། རྒྱུ་མཚན་ལྡན་པའི་ཐོག་ནས་བྱང་ཆུབ་ཀྱི་སེམས་བཟང་པོ་འཁོར་བར་སྟོང་ཉིད་ཀྱི་ལྟ་བ་དགོས། ངོས་ཀྱིས་ཉམས་མྱོང་ཐོག་ནས་བཤད་པ་ཡིན་ནའང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་ན་ཚེ་སྒྲུབ་ངོ་མ་རེད། དེར་བརྟེན་ཁྱེད་རང་ཚོ་མང་ཚོགས་ཚོའི་ངོས་ནས་ཀྱང་སྐྱབས་སུ་མཆི་ཞེས་པ་ཙམ་མིན་པར་ཆོས་ཀྱི་སྙིང་པོ་དེ་གཞན་ཕན་གྱི་བློ། ཕན་པའི་བློ། སེམས་པ་བཟང་པོ་བྱེད་རྒྱུ་དེ་གཙོ་བོ་རེད། དེ་བས་འདིར་ཡོད་པའི་དགེ་འདུན་པ་ཚོ་ལྟ་ཅི་སྨོས་སྐྱ་བོ་མི་མང་ཚོ་ཡིན་ནའང་གཞན་ཕན་གྱི་བློ་དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་བསྩལ་ཡོད།
གཞན་ཡང་༧གོང་ས་མཆོག་གིས། འཛམ་གླིང་ནང་ནང་པ་དུང་ཕྱུར་མང་པོ་ཡོད་པའི་ནང་ནས་དཔལ་ན་ལེན་ཊའི་ཆོས་བརྒྱུད་དྲི་མ་མེད་པ་དེ་རིག་པའི་ལམ་ནས་གཏན་ལ་ཕབ་ཅིང་། བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་གནང་མཁན་དེ་བོད་པ་ཁོ་ན་ཡིན་པ་དང་། བོད་མི་རྣམས་རྒྱ་གར་འཕགས་པའི་ཡུལ་དུ་ཆབ་སྲིད་ཀྱི་ཐོག་ནས་བཙན་བྱོལ་དུ་གནས་ཡོད་ན་ཡང་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་ཡོད་པ་མ་ཟད། བོད་བརྒྱུད་ནང་ཆོས་ལ་དེང་སྐབས་འཛམ་བུ་གླིང་གི་ནང་དོ་སྣང་བྱེད་ཡུལ་ཞིག་ཆགས་ཡོད་པ་སོགས་བཀའ་བསྩལ་ཡོད།
རི་བོ་དགེ་ལུགས་པའི་གདན་ས་གསུམ་གྱི་གྲྭ་ཚང་ཁག་དྲུག་གི་ཡ་གྱལ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་ནི། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཁོངས་སུ་སྤྱི་ལོ་༡༩༧༡་ལོར་ཕྱག་བཏབ་པ་དང་། ད་སྐབས་གྲྭ་ཚང་དེ་ནང་ཁམས་ཚན་༢༥་དང་། དགེ་འདུན་པ་བཞི་སྟོང་མ་ཟིན་ཙམ་ཞིག་ཡོད་པ་རེད།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
བོད་སྐད་སྡེ་ཚན།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎