འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གཞོན་སྐྱེས་འགོ་ཁྲིད་འཆི་མེད་ལྷ་མོ་ལགས།

2021-12-09
Share
འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གཞོན་སྐྱེས་འགོ་ཁྲིད་འཆི་མེད་ལྷ་མོ་ལགས།
Photo: RFA

དེ་རིང་ནི ༡༩༤༨ ལོའི་སྤྱི་ཟླ་ ༡༢ བའི་ཚེས ༡༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༼ འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས།༽སྤེལ་ནས་ལོ་ ༧༣ འཁོར་བའི་དུས་དྲན་ཉིན་མོ་ཡིན། སྐབས་འདི་དང་བསྟུན་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། རྩོད་ལེན་གནང་མཁན་གཞོན་སྐྱེས་འགོ་ཁྲིད་ཅིག་བདམས་ཡོད་པ་ནི་འཆི་མེད་ལྷ་མོ་ལགས་ཡིན།

བོད་མིའི་འཐབ་རྩོད་ཁྲོད་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་མཁན་གཞོན་སྐྱེས་འགོ་ཁྲིད་ནུས་པ་ཅན་འགའ་ཤས་ཐོན་བཞིན་པའི་ནང་ནས་འབུར་དུ་ཐོན་བཞིན་པ་ཞིག་ནི། དེང་སྐབས་ཀེ་ཎེ་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ནང་གནས་བཞུགས་རང་ལོ་༢༥ལ་སླེབས་པའི་ཀེ་ཎེ་ཌའི་ཡུལ་མི་ཡིན་པ་འཆི་མེད་ལྷ་མོ་ལགས་རེད།

ཁོང་གིས་ཐོག་མར་གཞི་རིམ་སློབ་གྲྭ་ནས་མཐོ་སློབ། ས་གནས་བོད་པའི་སྤྱི་ཚོགས་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག  དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གི་ནང་འགན་འཁུར་འདྲ་མིན་འོག་ད་བར་དུས་ཡུན་ཆུ་ཚོད་ཁྲི་གཅིག་ལྷག་གི་རིང་དང་བླངས་ཞབས་ཞུ་གནང་ཡོད་པ་རེད།  འཆི་མེད་ལྷ་མོ་ལགས་ལོ་༡༣ ལ་སོན་པ་ནས་་བཟུང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གྱི་ལས་དོན་ནང་དང་བླངས་ཀྱིས་ལས་དོན་སྒྲུབ་ནས་ད་ཆ་བོད་ཀྱི་སྐད་ཡིག་དང་།  རིག་གཞུང། འགྲོ་བ་མིའི་ཐོབ་ཐང། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་སྣ་མང་གི་ནང་འགོ་ཁྲིད་ཀྱི་ནུས་པ་འདོན་བཞིན་འདུག

འཆི་མེད་ལྷ་མོ་ལགས་ཀྱིས་ཀེ་ཎེ་ཌའི་ཊོ་རོན་ཊོ་གྲོང་ཁྱེར་གྱི་ Parkdale ས་གནས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དང་།  དཔལ་འབྱོར་ཞབས་ཞུའི་ལས་དོན་ནང་ཞིབ་འཇུག་སྣེ་ཁྲིད་གནང་གི་ཡོད་པ་མ་ཟད། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པའི་རྒྱུན་ལས་དང།  བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱུན་ལས།  ཊོ་རོན་ཊོ་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ནང་གཞོན་སྐྱེས་དང་། རྩེད་རིགས་འབྲེལ་མཐུད་པ།  དེ་བཞིན་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་པའི་སྲིད་ཇུས་ལ་ངོ་རྒོལ་གྱི་ལས་འགུལ་མང་པོ་ཞིག་གོ་སྒྲིག་གིས་སྣེ་ཁྲིད་གནང་ཡོད་ཅིང།  ཉེ་ལམ་སྤྱི་ཟླ་༡༠པའི་ནང་ཡུ་རོབ་རྒྱལ་ཁབ་Greece ནང་།  ༢༠༢༢ ལོའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་གྱི་དཔལ་འབར་རྒྱ་ནག་ལ་རྩིས་སྤྲོད་མཛད་སྒོའི་སྐབས་ངོ་རྒོལ་གྱི་ལས་འགུལ་སྣེ་ཁྲིད་གནང་སྐབས་ཁོང་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁ་ཤས་ཡུལ་དེའི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད། འཆི་མེད་ལྷ་མོ་ལགས་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་བ་ཙམ་མ་ཡིན་པར་ཁོང་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་གཞུང་འབྲེལ་སྐུ་ཚབ་ཁག་དང་ལྷན་ཚོགས་འདུའི་ནང་མཉམ་ཞུགས་ཀྱིས་རྒྱ་ནག་གཞུང་གི་བཙན་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་བོད་ནང་གི་བོད་མི་ཚོའི་གནས་སྟངས་དྲིལ་བསྒྲགས་ཀྱི་ལས་འགུལ་ཐེངས་མང་སྤེལ་ཡོད་པ་རེད།  འཆི་མེད་ལྷ་མོ་ལགས་ཀྱིས་ ༼མི་ཚང་མར་འཛམ་གླིང་འགྱུར་བ་གཏོང་ཐུབ་པའི་ནུས་པ་ཡོད། འོན་ཀྱང་དུས་ཚོད་ཕྱིར་འཐེན་བྱེད་རྒྱུ་མེད་ཙང་གོ་སྐབས་ནམ་བྱུང་ལ་དམ་འཛིན་བྱེད་རྒྱུ་གལ་ཆེན་པོ་རེད།༽ ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད།།

གསར་འགོད་པ། རིག་ལྡན་སྒྲོལ་མ།

རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།