འོས་བསྡུའི་བརྒྱུད་རིམ་ནང་བློ་བསྐྱེད་གསར་པ་དང་ཉམས་མྱོང་ཆེན་པོ་ཐོབ་འདུག
བོད་དོན་འཐབ་རྩོད་པ་བོད་རིགས་བུད་མེད་འཆི་མེད་ལྷ་མོ་ལགས་ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོའི་བོད་མི་མང་ཤོས་གནས་སྡོད་བྱེད་ས་(Parkdale)དང་(Highpark)་ས་གནས་ནས་གྲོང་ཁྱེར་ལྷན་ཚོགས་ཀྱི་འཐུས་མིར་ལངས་ནས་ཨང་རིམ་གཉིས་པ་ཐོབ་པ་མ་ཟད་འོས་བསྡུའི་བརྒྱུད་རིམ་ནང་བློ་བསྐྱེད་གསར་པ་དང་ཉམས་མྱོང་ཆེན་པོ་ཐོབ་འདུག།
ཁོང་གིས་བོད་པའི་སྤྱི་ཚོགས་ཀྱིས་ནུས་པ་མཉམ་སྤུངས་བྱས་ན་གྲུབ་འབྲས་ཐོན་ཡ་ཞིག་དང་། བོད་མིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཁོང་མོར་འོས་བླུགས་མཁན་མི་གྲངས་ཁྲི་གཅིག་མ་ཟིན་ཙམ་དང་དེའི་ནང་ནས་བོད་མི་འོས་བླུགས་མཁན་ཕལ་ཆེར་༩༠༠མ་ཟིན་ཙམ་དང་། དེ་མིན་ཕྱི་མི་མི་གྲངས་༩༠༠༠ལྷག་ཙམ་གྱིས་ཁོང་མོ་ལ་རྒྱབ་སྐྱོར་གྱིས་འོས་བླུགས་ཡོད་པ་སྐོར་ཚོད་དཔག་བྱེད་ཀྱི་འདུག
གོང་ཞུས་ས་གནས་དེའི་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མིའི་འོས་གཞིར་བཞེངས་མཁན་དྲུག་ནང་ནས་འཆི་མེད་ལྷ་མོ་ལགས་ལོ་ན་ཆུང་ཤོས་དེ་ཡིན་ན་ཡང་། འགྲན་ཡ་ཚོ་གཞན་ཉམས་དཔུང་པ་མཉམ་བཤིག་གིས་སྡིང་ཆ་གཅིག་གི་ཐོག་བསྡད་ནས་གཏམ་བཤད་དང་བགྲོ་གླེང་བྱེད་རྒྱུ་བྱུང་བ་སོགས་ནས་བློ་བསྐྱེད་ཆེན་པོ་བྱུང་ཅེས་ཟེར། ཕྱི་ཟླ་༡༠ཚེས་༢༤ཉིན་འོས་བསྡུའི་གསལ་བསྒྲགས་ཀྱི་སྐབས་སུ་ས་གནས་ཀྱི་འོས་མི་དྲུག་ནང་ནས་ཨང་རིམ་གཉིས་པ་སླེབས་ནས་ཚོད་དཔག་ལས་བརྒལ་བ་འོས་ཤོག་བརྒྱ་ཆ་༣༠ལྷག་ཙམ་ཐོབ་ཡོད་པ་རེད། དེ་བཞིན་ཨང་རིམ་དང་པོ་ཐོབ་མཁན་དང་ཁོང་གཉིས་དབར་འོས་ཤོག་སྟོང་ཕྲག་གཅིག་ཙམ་ལས་ཁྱད་པ་མེད་པ་རེད། ཁོང་མོའི་འོས་བསྡུའི་བརྒྱུད་རིམ་ལ་ཕྱི་བལྟས་ཀྱིས་ཞིབ་ཕྲ་གནས་ཚུལ་དེ་ཁ་བའི་གྲོས་རྭ་ལེ་ཚན་ནང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་དང་ཁ་བརྡ་ཞུས་པ་ཞིག་གསན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།