རྒྱ་ནག་གཞུང་ནས་༧སྐུའི་ཡང་སྲིད་འདེམས་སྒྲུག་ཐད་འབད་བཞིན་ཡོད་ཀྱང་། ཨ་རིས་དེ་ལྟར་བྱེད་བཅུག་གི་མིན་ཞེས། ཨ་རིའི་སྐུ་ཚབ་ཚོཊ་ཆུང་གི་ཚོགས་གཙོས་གསུངས་སོང་།

2024.06.19
རྒྱ་ནག་གཞུང་ནས་༧སྐུའི་ཡང་སྲིད་འདེམས་སྒྲུག་ཐད་འབད་བཞིན་ཡོད་ཀྱང་། ཨ་རིས་དེ་ལྟར་བྱེད་བཅུག་གི་མིན་ཞེས། ཨ་རིའི་སྐུ་ཚབ་ཚོཊ་ཆུང་གི་ཚོགས་གཙོས་གསུངས་སོང་།
Photo: RFA

ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༡༩ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རྭར། བོད་མིའི་སྒྲིག་འཛུགས་ནས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞུའི་དང་དགའ་བསུའི་གཞུང་འབྲེལ་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཡེཀེལ་མེཀཽལ་ (Michael McCaul) མཆོག་གིས་གཏམ་བཤད་གནང་སྐབས། རྒྱ་ནག་གཞུང་ནས་༧སྐུའི་ཡང་སྲིད་འདེམས་སྒྲུག་ཐད་འབད་བཞིན་ཡོད་ཀྱང་། ཨ་རིས་དེ་ལྟར་བྱེད་བཅུག་གི་མིན། ཞེས་དང་། 

ཉེ་ཆར་ཨ་རིའི་གྲོས་ཚོགས་ནས་གཏན་འབེབས་བྱུང་བའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེས། ཨ་རིའི་གཞུང་ངོས་ནས་བོད་ལ་རང་ཉིད་ཀྱི་སྐད་དང་རིག་གཞུང་ཡོད་པའི་ཐོག་དེ་དང་སྲུང་སྐྱོབ་ཀྱི་ཐོབ་ཐང་ཡོད་པ་མངོན་གསལ་ཐུབ་པ་ཡིན་ཞིང་། ཨ་རིའི་གཞུང་ངོས་ནས་མུ་མཐུད་བོད་དོན་ཐད་རྒྱབ་ལངས་དང་ཞུ་གཏུག་གནང་རྒྱུ་ཡིན་པ་གསུངས་སོང་། 

མ་ཟད་རིང་མིན་ཨ་རིའི་སྲིད་འཛིན་ལྗོ་སྦ་ཡེ་ཊིན་ (Joe Biden) མཆོག་གིས་ཁྲིམས་འཆར་དེར་མཚན་རྟགས་བསྐྱོན་རྒྱུ་ཡིན་པ་གསུངས་བྱུང་། ཁྲིམས་འཆར་དེ་འབྲེལ་ཁ་སང་རྒྱ་ནག་གཞུང་ནས་ངོ་རྒོལ་ཚུལ་དུ་ཡི་གེ་ཞིག་འབྱོར་ཡོད་ཀྱང་། རྒྱ་ནག་གཞུང་ངོས་ནས་གྲོས་ཚོགས་འཐུས་མི་རྣམས་ལ་འཇིགས་སྐུལ་མི་ཐུབ་པ་ཡིན་ཞེས་གསུངས་སོང་།

ཁོང་གིས་ད་དུང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བྱམས་སྙིང་རྗེ་ཡི་བདག་ཉིད་ཡིན་པས་ཁོང་གི་མཐོང་ཚུལ་ལ། བྱམས་སྙིང་རྗེ་ནི་༧གོང་ས་མཆོག་ཙམ་དུ་མ་ཟད་བོད་མི་ཡོངས་ཀྱི་ངོས་སུ་མཐོང་ཐུབ་ཀྱི་ཡོད་པ་གསུངས་བྱུང་། དེ་བཞིན་ཁོང་གིས་མཇུག་ཏུ། རྒྱ་གར་གཞུང་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་དང་བོད་མི་རྣམས་བཙན་བྱོལ་དུ་བཞེས་པར་བཀའ་དྲིན་ཆེ་ཞེས་གསུངས་སོང་། 

Screenshot 2024-06-19 012800.png

དེ་རིང་མཛད་སྒོའི་སྟེང་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོཊ་ཆུང་གི་ཚོགས་མི་རྣམས་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དུ། ཚོགས་མི་རྣམས་ལ་སྐུ་ཐང་རེ་དང་། བོད་ཀྱི་ཤོག་དངུལ་རེ་བཅས་ཕུལ་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། མང་ཚོགས་ལ་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་དང་ཁོང་རྣམས་ཀྱིས་ཆེད་བཏོན་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་བཞིན་ངོ་སྤྲོད་གནང་བ་དང་། གལ་ཏེ་ཁྲིམས་འཆར་དེར་རིང་མིན་ཨ་རིའི་སྲིད་འཛིན་ནས་མཚན་རྟགས་བསྐྱོན་དེ་ཨ་རིའི་རྒྱལ་ཁབ་ཀྱི་ཁྲིམས་སུ་གྱུར་བ་ན། ཉིན་མོ་དེ་བཞིན་འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བོད་མི་རྣམས་ནས་དགའ་ཚོར་ཆེན་པོས་སྲུང་བརྩི་ཞུས་འོས་པའི་ཉིན་མོ་ཞིག་ཆགས་རྒྱུ་ཡིན་པ་གསུངས་སོང་།  

ད་རེས་སྐུ་ཚབ་ཚོགས་ཚོཊ་ཚུང་གི་ཚོགས་མི་ཡོངས་ནས་བོད་དོན་ལ་སྔར་ལྷག་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་དང་། དེ་རིང་སྔ་དྲོར་༧གོང་ས་མཆོག་གི་སྐུ་མདུན་ནས་མཇལ་ཁ་ཞུས་ཏེ། ཁོང་རྣམ་པའི་མི་ཚེའི་ནང་བརྗེད་དཀའ་བའི་ལམ་སྟོན་དང་བཀའ་སློབ་ཕེབས་སོང་ཞེས་གསུངས་ཡོད་ཅིང་། 

20240619_C5970.MP4.07_35_58_44.Still003.jpg

ཨ་རིའི་གྲོས་ཚོགས་འོག་མའི་སྒྲིག་ཁྲིམས་ཚོགས་ཆུང་གི་ཚོགས་གཞོན་ (Jim McGovern) མཆོག་གིས། རྒྱ་ནག་གཞུང་ནས་༧གོང་ས་མཆོག་གི་སྐུ་ཚབ་དང་བོད་མིའི་སྒྲིག་འཛུགས་དང་ལྷན་གྲོས་མོལ་བྱ་དགོས་པ་སོགས་གསུངས་སོང་། ཁོང་ནི་༧གོང་ས་མཆོག་དང་དེ་སྔ་ཐུག་འཕྲད་མྱོང་བའི་བོད་མི་རྣམས་ཀྱི་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་། འཛམ་གླིང་གཅིག་ལས་མེད་པ་དེ་སྲུང་སྐྱོབ་དགོས་པ་སོགས་ཀྱི་འདུ་ཤེས་དེ་དག་གིས་སེམས་འགུལ་ཐེབས་བཅུག་ཡོད་པ་དང་། རྒྱ་གཞུང་གིས་བཙན་འོག་ཏུ་ལོ་མང་རིང་མྱོང་བཞིན་པའི་བོད་མི་རྣམས་ཀྱི་བཟོད་བསྲན་ལ་གུས་བརྩི་ཡོད་ཅིང་། མ་འོངས་པ་ནི་འོད་སྣང་ལྡན་པ་ཞིག་ཡོང་རྒྱུའི་ཡིད་ཆེས་གཙང་མ་ཡོད་ཅེས་གསུངས་སོང་། 

20240619_C5970.MP4.07_30_37_40.Still002.jpg

དེ་བཞིན་ད་རེས་ཀྱི་སྐུ་ཚབ་ཚོཊ་ཆུང་གི་ཁོངས་སུ་ཡོད་པ་དང་། བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་དང་། ༧གོང་ས་མཆོག་ལ་ཐུགས་འདྲིས་ཧ་ཅང་ཡག་པོ་ཡོད་མཁན་ལྕམ་ནན་སི་པེ་ལོ་སི་ (Nancy Pelosi) མཆོག་ཕེབས་ཡོད་ཅིང་། ཁོང་གིས་མཛད་སྒོའི་སྟེང་། བོད་རྒྱའི་དཀའ་རྙོག་སེལ་བའི་ཁྲིམས་འཆར་དེ་བཞིན་རིང་མིན་ཨ་རིའི་སྲིད་འཛིན་ནས་མཚན་རྟགས་བསྐྱོན་རྒྱུ་ཡིན་པ་དང་། ཨ་རིའི་གཞུང་ངོས་ནས་ཁྲིམས་འཆར་དེའི་བརྒྱུད་རྒྱ་ནག་གཞུང་ལ་ད་ཆ་གནས་སྟངས་འགྱུར་བ་ཕྱིན་ཡོད་པ་དང་། དེར་གྲ་སྒྲིག་བྱེད་རོགས་ཞེས་པའི་བརྡ་ལན་གཏོང་བ་ཡིན་ཞེས་གསུངས་སོང་ལ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེ་སོགས་ཀྱི་མཛད་རྗེས་ནི་དུས་ཡུན་རིང་པོའི་བར་གནས་རྒྱུ་ཡིན་ཡང་། རྒྱ་ནག་སྲིད་འཛིན་ལ་གལ་ཏེ་ཁྱོད་རང་འདས་གྲོངས་སུ་གྱུར་ཚེ་མཛད་རྗེས་དེ་ལྟར་གང་ཡང་མེད་ཅིང་མི་སུ་ཞིག་གིས་ཀྱང་ཆེ་མཐོང་བྱ་རྒྱུ་མིན་པ་གསུངས་སོང་། 

གཞི་རྩའི་ཕྱི་ལོ་ ༢༠༡༧ རྗེས་བཞུགས་སྒར་དུ་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོཊ་ཆུང་ཕེབས་པ་དང་པོ་ཆགས་ཀྱི་ཡོད་པ་དང་། ཐེངས་འདིའི་སྐུ་ཚབ་ཚོཊ་ཆུང་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་ (Michael McCaul) མཆོག་གིས་སྣེ་ཁྲིད་འོག ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་ (Nancy Pelosi) མཆོག་དང་། གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་མང་གཙོ་ཚོགས་པའི་འགོ་ཁྲིད་ (Gregory Meeks) མཆོག ཨ་རིའི་གྲོས་ཚོགས་འོག་མའི་སྒྲིག་ཁྲིམས་ཚོགས་ཆུང་གི་ཚོགས་གཞོན་ (Jim McGovern) མཆོག གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ནང་གསེས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཚོགས་ཆུང་གིས་ཚོགས་གཞོན་ (Ami Bera) མཆོག གྲོས་ཚོགས་འཐུས་མི་ (Mariannette Miller-Meeks) མཆོག དེ་བཞིན་གྲོས་ཚོགས་འཐུས་མི་ (Nicole Malliotakis) མཆོག་བཅས་ཡོད་པ་རེད། 

དེ་རིང་ཉིན་རྒྱབ་ཚོུད་ ༡།༠༠ སྟེང་ཨ་རིའི་སྐུ་ཚབ་ཚོཊ་ཆུང་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་གྰ་གྷལ་གནམ་ཐང་བརྒྱུད། རྒྱ་གར་རྒྱལ་ས་ལྡི་ལའི་ཕྱོགས་སུ་ཕེབས་ཐོན་གནང་ཡོད་པ་རེད། 

 

གསར་འགོད་པ། ཡེ་ཤེས་ཟླ་བ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་པདྨ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་ཁྲིམས་ཁང་གིས་རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་ཀོ་ཝུན་ཀའེ་ལ་ནག་ཉེས་ཡོད་པ་བསྒྲགས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎