བོད་མིའི་གཞིས་ཆགས་ཁག་ལྔ་ལ་ཀར་ན་ཊ་ཀ་མངའ་སྡེས་རོགས་སྐྱོར་གནང་བ།

2020-02-10
གློག་འཕྲིན།
མཆན།
Share
པར་བཀོད།
ཀར་ན་ཊ་ཀ་མངའ་སྡེ་གཞུང་ནས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔ་ལ་རོག་དངུལ་ཧིན་སྒོར་ས་ཡ་གསུམ་བཅུ་ཐམ་པ་གནང་ཡོད་པ།
ཀར་ན་ཊ་ཀ་མངའ་སྡེ་གཞུང་ནས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔ་ལ་རོག་དངུལ་ཧིན་སྒོར་ས་ཡ་གསུམ་བཅུ་ཐམ་པ་གནང་ཡོད་པ།
བོད་མིའི་སྒྲིག་འཛུགས།

༄༅༎རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་མངའ་སྡེ་གཞུང་ནས་རྒྱ་གར་ལྷོ་ཕྱོགས་སུ་བརྟན་གཞི་བྱས་པའི་མོན་གྷོ་འདོད་རྒྱུ་གླིང་། སྦེལ་ཀོབ་ལུག་ཟུང་བསམ་འགྲུབ་གླིང། སྦེལ་ཀོབ་བདེ་སྐྱིད་སླར་གསོ། ཧོན་སུར་རབ་རྒྱས་གླིང། ཀོ་ལེ་གྷལ་དོན་ལྡན་གླིང་བཅས་བོད་མིའི་གཞིས་ཆགས་ཁག་ལྔ་ལ་རོགས་དངུལ་ཧིན་སྒོར་ས་ཡ་གསུམ་བཅུ་ཐམ་པ་སྩལ་གསོལ་བྱུང་ཡོད་པ་དང།

རོགས་དངུལ་འདི་དག་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་གཞིས་ལས་ཁང་སོ་སོའི་རྒྱུད་འགྲོན་དང། འཛུགས་སྐྲུན་ལས་གཞིའི་ཐོག་གཏོང་ཡག་ཡིན་པ་དང་། དེ་ཡང་ལྷོ་སྤྱི་དབུ་བཞུགས་གཞིས་ཆགས་ཁག་ལྔའི་གཞིས་འགོ་སོ་སོ་ནས་ས་གནས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་། སྤྱི་ཚོགས་བདེ་རྩ་དང་འབྲེལ་བའི་ལས་འཆར་བཟོས་ཏེ་ལྷོ་སྤྱི་ལྷན་བཞུགས་གྲོས་ཆོད་ཀྱི་ལམ་ནས་གཏན་འབེབས་ཀྱིས་ནང་སྲིད་རྒྱུད་བཀའ་ཁྲོལ་ཐོབ་པའི་རྗེས་ལ་ལག་བསྟར་གནང་རྒྱུ་ཡིན་པ་ནང་སྲིད་དྲུ་ཆེ་ཚེ་དབང་སྒྲོལ་མ་ལགས་ཀྱི་འགྲེལ་བརྗོད་ནང་གི་འདུག

ཡང་སྦེང་ལོར་ལྷི་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱི་འགྲེལ་བརྗོད་གནང་བར་གཞིགས་ན། ཐོག་མར་ཀར་ན་ཊ་ཀ་མངའ་སྡེ་གཞུང་ལ་ལས་འཆར་ཕུལ་བའི་སྐབས་བོད་མིའི་གཞིས་ཆགས་ཁག་གི་ལས་འཆར་མི་འདྲ་བ་བཅུ་བཞི་ཕུལ་ཡོད་པར་སོང་གཞིས་ཆགས་ཆེ་ཆུང་དང་ལས་གཞི་ཆེ་ཆུང་ལ་གཞིགས་པའི་རོགས་དངུལ་ཆ་བགོས་བྱེད་དེ་གང་འགྱོགས་ལག་བསྟར་གནང་རྒྱུ་ཡིན་ཅེས།

ད་རེས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེ་གཞུང་གི་སྔོན་རྩིས་ནང་བོད་མི་དང་འབྲེལ་བའི་རྩིས་སྒོ་ཞིག་ཕྱེད་ཐུབ་ཡོད་པར་སོང་མ་འོང་མུ་མཐུད་རོགས་སྐྱོར་གྱི་རེ་བ་ཆེན་པོ་ཡོད་པ་ལྷོ་སྤྱི་མཅོག་གི་འགྲེལ་བརྗོད་གནང་གི་འདུག

ནང་སྲིད་ལས་ཁང་དང། སྦེལ་ལོར་ལྷོ་སྤྱི་ལས་ཁང་། ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་ལྔ་བཅས་མཐུན་མོང་ནས་ཀར་ཊ་མངའ་སྡེ་གཞུང་ལ་ཞུ་བསྐུལ་ཞུས་པ་གཞིར་བཟུང་རོགས་དངུལ་ཐོབ་ཡོད་པར་སོང་རོགས་དངུལ་དེ་ཡང་བེད་སྤྱོད་མངའ་སྡེ་གཞུང་གི་འགྲོ་ལྟར་ལས་འཆར་ལག་བསྟར་ཟིན་པའི་ལས་བསྡོམས་སོགས་མངའ་སྡེ་གཞུང་ལ་ཕུལ་དགོས་ཀྱི་ཡོད་པའི་སྐོར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱི་འགྲེལ་བརྗོད་གནང་བྱུང།།

གསར་འགོད་པ་ཨོ་རྒྱན་བསྟན་འཛིན།

མཆན། (0)
Share
དྲ་གནས་ཆ་ཚང༌།