ས་བྱི་ཞི་རྒོལ་སྐབས་འཛིན་བཟུང་བྱས་བའི་མགོན་པོ་ཚེ་ཁོ་ལགས་བཙོན་གྲོལ་བྱུང་འདུག


2018.09.11
མགོན་པོ་ཚེ་ཁོ་ལགས། ༼ཟླ་ཚེས་མི་གསལ མགོན་པོ་ཚེ་ཁོ་ལགས། ༼ཟླ་ཚེས་མི་གསལ
བོད་འབྱོར།/RFA

ཕྱི་ལོ་༢༠༠༨ ས་བྱི་ཞི་རྒོལ་ཆེན་མོའི་རྗེས་རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་བྱས་བའི་མགོན་པོ་ཚེ་ཁོ་ལགས་བཙོན་གྲོལ་བྱུང་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་༢༠༠༨ ལོར་བོད་ནང་བྱུང་བའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་རྒྱ་ནག་གཞུང་གིས་མདོ་སྨད་མདོ་ལྷོ་རྨ་ཆུ་ནས་འཛིན་བཟུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་པའི་མགོན་པོ་ཚེ་ཁོ་ལགས་༢༠༡༨ ཟླ་༨ པའི་ཚེས་༡༣ ཉིན་བཙོན་གྲོལ་བྱུང་ནས་ཕ་ཡུལ་ལ་འབྱོར་ཡོད་འདུག་ལ་ད་ལྟ་དགུང་ལོ་༣༩་ཡིན་འདུག
འབྲེལ་ཡོད་བོད་མི་ཞིག་གིས་མགོན་པོ་ཚེ་ཁོ་ལགས་ལ་རྒྱ་ནག་གིས་མི་ལོ་བཅུ་བཞི་ཡི་ཁྲིམས་ཐག་བཅད་ཡོད་ཀྱང་བཙོན་དུས་མ་ཚང་སྔོན་དུས་ཚོད་སྔ་སྣུར་གྱིས་མངོན་གསལ་མེད་པའི་ཐོག་ནས་གློད་གྲོལ་བཏང་ཡོད་པ་རེད་ཅེས་དང་། དེར་བརྟེན་ཕ་ཡུལ་འབྱོར་བ་མི་མང་པོས་ཤེས་མེད་པ་དང་། རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཁོང་གི་ནང་མིར་མི་ཚོགས་འཛོམས་ནས་ཕེབས་བསུ་སོགས་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག་ལ་གནས་སྟངས་འདིའི་འོག་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཇི་འདྲ་ཡོད་མེད་དང་དེ་མིན་གྱི་གནས་ཚུལ་ཁག་ཞིབ་ཕྲ་ཤེས་རྟོགས་དཀའ་བ་ཡིན་པ་བརྗོད་ཡོད་པ་རེད།
ཚེ་ཁོ་ལགས་ ༢༠༠༨ ཟླ་༡༠ ཚེས་༡༦ ཉིན་རྨ་ཆུ་རྫོང་ནས་ས་བྱི་ཞི་རྒོལ་ཆེན་མོ་དང་འབྲེལ་བ་ཡོད་པའི་ནག་ཉེས་འོག་འཛིན་བཟུང་བྱས་ཤིང་།  ཁོང་དང་མཉམ་དུ་རྡོ་རྗེ་དང་། ཚེ་ཁོ། བློ་གྲོས་སོགས་བོད་མི་ཁག་གཅིག་ཡོད་པ་དེ་དག་ལ་བཙོན་འཇུག་ཁྲིམས་ཐག་བཅད་སྐབས། མགོན་པོ་ཚེ་ཁོ་ལགས་རྨ་ཆུ་ས་གནས་སུ་བྱུང་བའི་ས་བྱི་ཞི་རྒོལ་ཆེན་མོའི་སྣེ་ཁྲིད་པ་ཡིན་པའི་ཉེས་མིང་བཙུགས་ནས་མི་ལོ་བཅུ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཕྱི་ཟླ་ ༨ ཚེས་ ༡༣ ཉིན་གློད་གྲོལ་མ་བྱུང་བར་ཁྱོན་བསྡོམས་ལོ་བཅུ་དང་ཕྱེད་ཀ་ཙམ་ལན་ཀྲོའུ་ཕྱོགས་ཀྱི་བཙོན་ཁང་ཞིག་གི་ནང་བཙོན་འཇུག་བྱས་ཡོད་པ་རེད།  ཁོང་ནི་མདོ་སྨད་མདོ་ལྷོ་རྨ་ཆུ་ཕྱོགས་ནས་ཡིན་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
བོད་སྐད་སྡེ་ཚན།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་ནག་ནི་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཏུ་ངོས་འཛིན་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎