༧གོང་ས་མཆོག་བཞུགས་སྒར་ནས་ཡོ་རོབ་ཏུ་ཆིབས་བསྒྱུར་བསྐྱངས་པ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཏུ་ཉིན་གྲངས་ ༡༨ ཙམ་གྱི་ཆིབས་བསྒྱུར་མཛད་འཆར་སླད་བཞུགས་སྒར་རྡ་རམ་ལ་ནས་ཆིབས་ཞལ་བསྒྱུར་གནང་མཛད་འདུག།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཏུ་ཉིན་གྲངས་ ༡༨ ཙམ་གྱི་ཆིབས་བསྒྱུར་མཛད་འཆར་སླད་བཞུགས་སྒར་རྡ་རམ་ལ་ནས་ཆིབས་ཞལ་བསྒྱུར་གནང་མཛད་འདུག། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཀྱི་ཡུལ་གྲུ་སྦེལ་ཇམ་དང་ཕྷརནསི། དེ་བཞིན་པོ་ལེནཌ་བཅས་ཀྱི་ནང་ཉིན་གྲངས་ ༡༨ ཙམ་གྱི་ཆིབས་བསྒྱུར་མཛད་འཆར་སླད་དེ་རིང་ཕྱི་ཟླ་ ༩ ཚེས་ ༦ ཉིན་བཞུགས་སྒར་རྡ་རམ་ལ་ནས་ཆིབས་ཞལ་བསྒྱུར་གནང་མཛད་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྦེལ་ཇམ་གྱི་རྒྱལ་ས་ Brussels རུ་ཚུགས་རྒྱུའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཀྱི་དབུ་འབྱེད་ཚོགས་མགོན་དུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་ཡིན་འདུག་ཅིང་། ཕྱི་ཚེས་ ༩ ནས་ ༡༡ བར་ཉིན་གྲངས་གཉིས་དང་ཕྱེད་ཀའི་རིང་ཚན་རིག་པ་དང་དཔལ་འབྱོར། ཆོས་ལུགས་བཅས་ཀྱི་མཁས་ལས་མི་སྣའི་ལྷན་ནུས་པ་དང་གཅེས་སྐྱོང་ཅེས་པའི་བརྗོད་གཞིའི་ཐོག་གི་སེམས་དང་སྲོག་གི་མཁས་པའི་བགྲོ་གླེང་གི་ཚོགས་འདུའི་དབུ་མགོན་དུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག། ཕྱི་ཚེས་ ༡༡ ཉིན་རྒྱབ་གང་ཟག་སྒེར་ངོས་ནས་གོ་ལའི་ཀུན་ཁྱབ་འགན་འཁུར་བླངས་ཕྱོགས་ཅེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩོལ་རྒྱུའི་མཛད་འཆར་ཡོད་ཅིང་། ཕྱི་ཚེས་ ༡༢ ཉིན་ཆོས་ལུགས་མཐུན་བསྒྲིལ་གོང་འཕེལ་གྱི་ཆེད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་སྦེལ་ཇམ་ཁུལ་གྱི་ཆོས་ལུགས་ཀྱི་མི་སྣ་གྲགས་ཅན་ཁག་གཅིག་དང་ལྷན་དུ་བགྲོ་གླེང་ལྷན་ཚོགས་ཤིག་ཀྱང་གནང་རྒྱུ་ཡིན་འདུག།
སྦེལ་ཇམ་གྱི་ཆིབས་བསྒྱུར་གྲུབ་རྗེས། ཕྷརན་སིའི་རྒྱལ་ས་པེ་རི་སི་རུ་ཞབས་སོར་འགོད་གནང་མཛད་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་ཁྲིམས་རྩོད་ཆེད་ལས་པ་ཁག་གཅིག་དང་ལྷན་དུ་གོ་ལའི་ཀུན་ཁྱབ་འགན་འཁུར་དང་། ཁོར་ཡུག། ཁྲིམས་དོན་བཅས་ཀྱི་བརྗོད་གཞིའི་ཐད་བགྲོ་གླེང་བཀའ་སློབ་བཅས་ཀྱི་མཛད་འཆར་ཞིག་ཡོད་འདུག་ལ། དམིགས་བསལ་ཉེ་བའི་ཆར་སྦེལ་ཇམ་དང་ཕྷརན་སི་གཉིས་ཀའི་ནང་ཁ་ཆེ་ཆོས་ལུགས་ཀྱི་མིང་འཁྱེར་བའི་འཇིགས་བསྐུལ་དྲག་སྤྱོད་པས་གཏོར་རྒོལ་ཚབས་ཆེ་བྱུང་ཡོད་སྟབས།  ཡུལ་གྲུ་དེ་གཉིས་ཀྱི་མི་དམངས་ཚོར་གདུང་སེམས་མཉམ་སྐྱེད་དང་ཆོས་ལུགས་མཐུན་བསྒྲིལ་གྱི་གནས་སྟངས་ཡར་རྒྱས་ཡོང་ཆེད། ཕྱི་ཚེས་ ༡༤ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་གཞན་ཡང་ཁ་ཆེ་དང་ཡེ་ཤུ། ཇཱུ་དང་ཧིན་དྷུ་སོགས་ཆོས་ལུགས་ཆེ་ཁག་གི་སྐུ་ཚབ་རྣམས་དང་ལྷན་དུ་བགྲོ་གླེང་ལྷན་ཚོགས་ཤིག་གནང་རྒྱུ་ཡིན་འདུག།
ཕྷརན་སིའི་རྒྱལ་ས་པེ་རིསི་རུ་བོད་རིགས་མང་ཚོགས་ལ་མཇལ་ཁ་བཀའ་སློབ་གནང་རྒྱུའི་མཛད་འཆར་ཡང་ཡོད་འདུག་ཅིང་། པེ་རིསི་ཡི་ཆིབས་བསྒྱུར་མཛད་འཆར་ཁག་གྲུབ་རྗེས། ཕྷརན་སིའི་གྲོང་ཁྱེར་ Strasbourg རུ་ཆིབས་བསྒྱུར་གྱིས་ཕྱི་ཟླ་ ༩ ཚེས་ ༡༧ དང་ ༡༨ ཉིན་གྲངས་གཉིས་རིང་དབུ་མ་རིན་ཆེན་ཕྲེང་བའི་སྒོ་ནས་གསུང་ཆོས་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་། མང་ཚོགས་ལ་ཆོས་ལུགས་ཀྱི་དྲ་ལས་བརྒལ་བའི་ཡ་རབས་སྤྱོད་བཟང་ཅེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་གསུང་བཤད་སྩོལ་རྒྱུ་སོགས་ཀྱི་མཛད་འཆར་ཡོད་འདུག། ཕྱི་ཚེས་ ༡༩ ཉིན་པོ་ལེནཌ་རུ་ཆིབས་བསྒྱུར་གྱིས་ཕྱི་ཚེས་ ༢༡ བར་ཞུགས་བཞག་མཛད་འཕྲིན་སྐྱོང་གནང་མཛད་རྒྱུ་ཡིན་པ་རེད།།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org