ས་མཚམས་སྲུང་སྐྱོབ་མཉམ་འབྲེལ་གནང་རྒྱུ།
2013.10.23

རྒྱ་དཀར་ནག་ཡུལ་གྲུ་གཉིས་ཀྱིས་ས་མཚམས་སྲུང་སྐྱོབ་མཉམ་འབྲེལ་གནང་རྒྱུའི་མཐུན་གྲོས་ཐོག་མིང་རྟགས་བཀོད་གནང་འདུག
དེ་ཡང་པེ་ཅིང་དུ་གཞུང་དོན་གཟིགས་སྐོར་ལ་ཕེབས་པའི་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངྒ་མཆོག་དང་རྒྱ་ནག་གི་སྲིད་བློན་Li Keqiangརྣམ་གཉིས་ཀྱིས། ད་ཕན་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་རྒྱ་དཀར་ནག་གཉིས་དབར་ཡོད་བཞིན་པའི་ས་མཚམས་ཀྱི་རྩོད་རྙོག་དེ་དག་སེལ་ཐབས་ཀྱི་གྲོས་མཐུན་ཐོག་མིང་རྟགས་བཀོད་པའི་མཛད་སྒོའི་ཐོག་གཟིགས་ཞིབ་གནང་བའི་རྗེས། རྒྱ་ནག་གི་སྲིད་བློན་Li ཡིས་ཕྱོགས་གཉིས་བར་བཞག་པའི་གྲོས་མཐུན་དེས་རྒྱལ་ཁབ་གཉིས་ཀྱི་ས་མཚམས་ཁུལ་དུ་ཞི་བདེ་བརྟན་ལྷིང་ཡོང་རྒྱུར་ཕན་ཐོགས་ཡོད་སྐོར་འགྲེལ་བརྗོད་གནང་ཡོད།
རྒྱ་གར་གྱི་སྲིད་བློན་མོན་སིངྒ་མཆོག་གིས་གསར་འགོད་པ་ཚོར་གསུང་དོན། འཛམ་གླིང་སྟེང་སྤྱིའི་མི་འབོར་ཐེར་འབུམ་༢དང་ཕྱེད་ཀ་ཡོད་མཁན་རྒྱ་གར་དང་རྒྱ་ནག་གཉིས་དབར་ཕན་ཚུན་ལག་པ་གཏོང་རེས་སྐབས་འཛམ་གླིང་སྤྱི་ཡོངས་ཀྱིས་དོ་སྣང་ཏན་ཏན་ཡོང་གི་རེད་ཅེས་དང༌། ས་མཚམས་སྲུང་སྐྱོབ་ཐད་མཉམ་འབྲེལ་གནང་རྒྱུའི་མཐུན་གྲོས་དེས་ཕྱོགས་གཉིས་ཀྱི་ས་མཚམས་ཁུལ་ཞི་བདེ་དང་བརྟན་ལྷིང་ཡོང་རྒྱུར་ཕན་ཐོགས་ངེས་ཅན་ཡོང་གི་ཡོད་པ་གསུངས་འདུག