བལ་ཡུལ་གཞུང་དང་གངས་འཛེགས་ཤར་པ་བར་གྲོས་མོལ།


2014.04.24
རི་འཛེགས་པ་ཁག་གཅིག་ཇོ་མོ་གླང་མར་འཛེགས་བཞིན་པའི་པར་རྙིང་ཞིག རི་འཛེགས་པ་ཁག་གཅིག་ཇོ་མོ་གླང་མར་འཛེགས་བཞིན་པའི་པར་རྙིང་ཞིག
པར། AFP

ཁ་སྐོང་གསར་འགྱུར ༢༠༡༤།༤།༢༤ཉིན།

གངས་རི་ཇོ་མོ་གླང་མའི་འདབས་རོལ་དུ་བལ་ཡུལ་གཞུང་དང་གངས་འཛེགས་སྣེ་ཤན་ཤར་པ་ཚོའི་བར་གྲོས་མོལ་བྱེད་བཞིན་པ་རེད།
བལ་ཡུལ་གྱི་གངས་འཛེགས་སྣེ་ཤན་པ་མི་གྲངས་༡༦གངས་རུད་འོག་རྐྱེན་འདས་སུ་ཕྱིན་པའི་ནང་མི་དང་། ལས་རོགས་རྣམས་ཁོང་ཁྲོ་དང་སྡུག་བསྔལ་གྱིས་མནར་བ་ལས་གྲོལ་ཐབས་སུ། བལ་ཡུལ་གཞུང་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁང་གི་དཔོན་རིགས་རྒན་གྲས་ཁག་ཅིག་ཚེས༢༤ཉིན་གངས་རི་ཇོ་མོ་གླང་མའི་རི་གཤམ་དུ་ཕེབས་ཏེ་ཤར་པ་སྣེ་ཤན་པ་རྣམས་དང་གྲོས་མོལ་གནང་ཡོད་པ་དང་།  ཤར་པ་སྣེ་ཤན་པ་ཚོས་རེས་གཟའ་པ་སངས་ཉིན་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་གུན་གསབ་ཆེ་ཙམ་དགོས་པ་དང་། དེ་བཞིན་ཤར་པ་སྣེ་ཤན་པ་རྣམས་ལ་ཐོབ་ཐང་ཆེ་ཙམ་དགོས་པའི་དགོས་འདུན་བཏོན་ཡོད་འདུག  ཁུལ་དེའི་རྫོང་ལས་ཁུངས་ཀྱི་ཉེན་རྟོག་སྤྱི་ཁྱབ་པ་Badri Bikram Thapaཞུ་བས་གཞུང་གི་དཔོན་རིགས་དང་། གངས་འཛེགས་སྣེ་ཤན་པ་ཤར་པ་རྣམ་པའི་བར་གྲོས་མོལ་འགོ་བཙུགས་ནས་ད་ལྟ་གྲོས་མོལ་གནང་བཞིན་ཡིན་ལུགས་གསུང་བཞག འདི་ལོ་བལ་ཡུལ་གཞུང་ལ་གངས་འཛེགས་རུ་ཁག་གི་ཁྲལ་གཅིག་པུའི་ཐོག་ནས་ཨ་སྒོར་ས་ཡ་༣དང་ཕྱེད་ཀ་ལྷག་བྱུང་ཡོད་པ་དང་། བལ་ཡུལ་གཞུང་གིས་གངས་འཛེགས་རུ་ཁག་༣༢་ཡི་གངས་འཛེགས་པ་མི་གྲངས་༧༣༤ལ་འདི་ལོ་གངས་རི་ཇོ་མོ་གླང་མར་འཛེགས་རྒྱུའི་ཆོག་མཆན་སྤྲད་ཡོད་པ་རེད།   
གསར་འགོད་པ་ཚེ་དབང་དངོས་གྲུབ།


2014-04-23

བལ་ཡུལ་གཞུང་གིས་ཇོ་མོ་གླང་མའི་འདབས་རོལ་རི་འཛེཊ་ས་ཚུགས་ལ་གཞུང་འབྲེལ་སྐུ་ཚབ་མངགས་གཏོང་བྱ་རྒྱུ་ཡིན་པ་རེད་འདུག
ཉེ་ཆར་ཚེས་༡༨ཉིན་བལ་བོད་ས་མཚམས་སུ་ཡོད་པའི་རི་བོ་ཇོ་མོ་གླང་མའི་མཐོ་ཚད་མི་ཀྲར་༦༤༠༠ཙམ་གྱི་རི་ངོས་ནས་གངས་རུད་བྱུང་རྐྱེན་རི་འཛེགས་སྣེ་ཤན་པ་ཤར་པ་༡༣རྐྱེན་འདས་སུ་སོང་བ་དང་། གཞན་གསུམ་བོར་བརླག་ཏུ་གྱུར་བའི་རྗེས། རི་འཛེགས་སྣེ་ཤན་པ་ཤར་པ་ཚོས་ལོ་འདིའི་རི་འཛེགས་ཀྱི་ལས་དོན་ལས་མཚམས་འཇོག་རྒྱུ་ཡིན་ཚུལ་བཤད་ཡོད། བལ་ཡུལ་གཞུང་གིས་རྙོག་གླེང་དེ་སེལ་ཐབས་སུ་རྐྱེན་འདས་སུ་སོང་བའི་རྗེས་ཤུལ་མི་ཚང་རེར་ཨ་སྒོར་༤༥༠གུན་གསབ་སྤྲོད་རྒྱུ་དང་། ཇོ་མོ་གླང་མའི་འདབས་རོལ་རི་འཛེགས་ས་ཚུགས་ལ་གཞུང་འབྲེལ་སྐུ་ཚབ་མངགས་གཏོང་བྱ་རྒྱུའི་གསལ་བསྒྲགས་བྱས་འདུག
རི་འཛེགས་སྣེ་ཤན་པ་ཚོས་རི་འཛེགས་ལས་དོན་དང་འབྲེལ་བའི་ཤར་པ་སྣེ་ཤན་པ་ཚོའི་Life Insurance འམ་ཚེ་སྲོག་ཉེན་སྲུང་མ་འཇོག་གི་ཚད་གཞི་འཕར་དགོས་པ་དང་། རྗེས་ཤུལ་ནང་མི་ཚོ་ལ་གུན་གསབ་ཨ་སྒོར་༡༠༠༠༠རེ་སྤྲོད་དགོས་པ་སོགས་ཀྱི་དགོས་འདུན་བཏོན་བཞིན་པ་དང་། དེའི་ཐད་ཡང་རེས་གཟའ་མིག་མར་ཉིན་བལ་ཡུལ་གཞུང་གིས་ཤར་པ་སྣེ་ཤན་པ་རེ་རེར་ཚེ་སྲོག་ཉེན་སྲུང་གི་མ་འཇོག་བརྒྱ་ཆ་༥༠མཐོ་རུ་གཏོང་རྒྱུ་དང་། དེ་བཞིན་རྗེས་ཤུལ་ནང་མི་བུ་ཕྲུག་ཚོའི་ཆེད་ངལ་སེལ་རོགས་སྐྱོབ་མ་དངུལ་ཆེད་བཙུགས་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད།
གནས་ཚུལ་ལྟར་ན། ད་ལྟ་ཇོ་མོ་གླང་མའི་འདབས་རོལ་དུ་ཡོད་པའི་རི་འཛེགས་ས་ཚུགས་ལ་ཤར་པ་མི་གྲངས་༤༠༠ཙམ་ཡོད་པ་དང་། སྐུ་ཞབས་Phil Cramptonཞུ་བའི་ཨ་རི་བ་རི་འཛེགས་ཁེ་ལས་ཀྱི་ལས་བྱེད་ཞིག་ནས་ཤར་པ་སྣེ་ཤན་པ་ཚོའི་སྐུ་ཚབ་བྱས་སྟེ། བལ་ཡུལ་གཞུང་དང་འབྲེལ་གཏུགས་གནང་བཞིན་པ་དང་། རེས་གཟའ་ལྷག་པའི་ཉིན་བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་དྲུང་ཆེ་Sushil Ghimireཡིས་ཤར་པ་སྣེ་ཤན་པ་ཚོའི་དཀའ་ངལ་སེལ་ཐབས་སུ་བལ་ཡུལ་གྱི་གཞུང་འབྲེལ་སྐུ་ཚབ་ཚོགས་པ་ཞིག་རི་འཛེགས་ས་ཚུགས་ལ་ཆེད་བསྐྱོད་ཀྱིས་ཤར་པ་ཚོ་དང་གྲོས་མོལ་བཀའ་བསྡུར་གནང་རྒྱུ་ཡིན་པ་བརྗོད་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2014-04-18

གངས་རི་ཇོ་མོ་གླང་མར་དེ་སྔ་རྒྱབ་མྱོང་མེད་པའི་གངས་རུད་རྒྱབ་ནས་ཉུང་མཐར་ཤར་པ་མི་གྲངས་༡༢ཙམ་རྐྱེན་ལམ་དུ་ཕྱིན་འདུག
དེ་ཡང་ཟླ་བ་འདིའི་ཟླ་མཇུག་ལ་འཛམ་གླིང་ནང་གི་གངས་རི་མཐོ་ཤོས་ཇོ་མོ་གླང་མའི་རི་རྩེར་འཛེཊ་རྒྱུའི་ནམ་དུས་འགོ་མ་ཚུཊ་གོང་། ཚེས༡༨ཉིན་གྱི་ཞོགས་པ་གངས་རི་ཇོ་མོ་གླང་མར་འཛེཊ་མཁན་ཚོར་ལམ་རྒྱུས་བྱེད་མཁན་ཤར་པ་ཚོས་ཁོང་ཚོའི་གུར་དང་བཟའ་བཅའ། དེ་བཞིན་ཐག་པ་སོཊ་ཁྱེར་ནས་ཡར་འགྲོ་སྐབས་སྔ་དྲོའི་ཆུ་ཚོད་༦་དང་སྐར་མ་༤༥་ཙམ་ལ་མཐོ་ཚད་ཕི་ཀྲི་༡༩༠༠༠་སར་དུས་རྒྱུན་popcorn field ཞེས་འབོད་སྲོལ་ཡོད་པའི་ས་གནས་ལ་གངས་རུད་ཚབས་ཆེ་རྒྱབ་ནས་ལམ་རྒྱུས་བྱེད་མཁན་ཉུང་མཐར་ཡང་ཤར་པ་མི་གྲངས་༡༢་རྐྱེན་ལམ་དུ་ཕྱིན་འདུག  
བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལས་ཁང་གི་དཔོན་རིགས་Dipendra Paudel གྱིས་ད་ལྟའི་ཆར་ཁོང་ཚོས་མི་གྲངས་༡༢་ཀྱི་ཕུང་པོ་རྙེད་སོན་བྱུང་པ་དང་། ད་དུང་ཡང་གངས་རུད་འོག་ལ་མི་ག་ཚོད་ཚུད་ཡོད་མེད་ཤེས་རྟོགས་དཀའ་སྐོར་བལ་ཡུལ་གྱི་རྒྱལ་ས་ཀཱཐ་མན་གྲུའི་ནང་ཕ་རན་སིའི་གསར་ལས་ཁང་ལ་བརྗོད་འདུག ཉེན་སྐྱོབ་ཀྱི་ཐད་འཕུར་གནམ་གྲུ་དང་རི་འཛེཊ་རུ་ཁག་གིས་མཐུན་འགྱུར་རོགས་རམ་ལ་བརྟེན་ནས་ད་བར་མི་གྲངས་བདུན་གངས་རུད་འོག་ནས་གསོན་པོར་ཉེན་སྐྱོབ་ཐུབ་པ་དང་། ད་དུང་ཡང་འཚོལ་ཞིབ་ཉེན་སྐྱོབ་མུ་མཐུད་ནས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག མཐོ་ཚད་ཕི་ཀྲི་༢༩༠༢༩་སར་ཡོད་པའི་གངས་རི་ཇོ་མོ་གླང་མའི་ཁུལ་དུ་ཉེན་སྐྱོབ་རུ་ཁག་གི་དཔོན་རིགས་ལྷག་པ་ཤར་པ་ལཊ་ཀྱིས་ད་རེས་ཀྱི་གངས་རུད་དེའི་ནང་རྐྱེན་ལམ་དུ་ཕྱིན་པའི་མིའི་གྲངས་འབོར་དེ་༡༤་བར་འཕར་ཡོད་པ་ཡང་ཧྥ་རན་སིའི་གསར་ལས་ཁང་ལ་གསུངས་ཡོད་འདུག
གསར་འགོད་པ་བསོད་ནམ་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྲིད་སྐྱོང་མཆོག་གིས་ཁེ་ཎ་ཌའི་ནང་ཆོས་ཚོགས་ཁག་གི་དབུ་འཛིན་དང་གཞོན་སྐྱེས་ཁག་བཅས་དང་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎