ཀིརྟིའི་བྱེས་པ་གྲྭ་ཚང་བཙུགས་ནས་ལོ་ངོ་ཉི་ཤུ་རྩ་ལྔ་ཧྲིལ་པོ་འཁོར་བ།

2019-12-07
གློག་འཕྲིན།
མཆན།
Share
པར་བཀོད།
ལུས་སྲོག་ལོངས་སྤྱོད་ཕངས་མེད་ཀྱིས་བོད་སྤྱི་དོན་དུ་དཀའ་ལས་བརྒྱབས་པའི་སེམས་ཤུགས་དང་སྙིང་སྟོབས་ནི།བོད་པ་རང་གི་རིག་གཞུང་གཏིང་ཟབ་ཡོད་པ་དང་།བོད་ཀྱི་སྐད་ཡིག་ཟུར་དུ་ཡོད་པའི་ཐོག་ནས་སྙིང་སྟོབས་དེ་ཚོ་བསླེབས་ཡོང་གི་འདུག་ཅེས།༧གོང་ས་མཆོག་གིས་བཀའ་སྩལ་ཡོད་པ།
ལུས་སྲོག་ལོངས་སྤྱོད་ཕངས་མེད་ཀྱིས་བོད་སྤྱི་དོན་དུ་དཀའ་ལས་བརྒྱབས་པའི་སེམས་ཤུགས་དང་སྙིང་སྟོབས་ནི།བོད་པ་རང་གི་རིག་གཞུང་གཏིང་ཟབ་ཡོད་པ་དང་།བོད་ཀྱི་སྐད་ཡིག་ཟུར་དུ་ཡོད་པའི་ཐོག་ནས་སྙིང་སྟོབས་དེ་ཚོ་བསླེབས་ཡོང་གི་འདུག་ཅེས།༧གོང་ས་མཆོག་གིས་བཀའ་སྩལ་ཡོད་པ།
དགའ་ལྡན་ཕོ་བྲང༌།

བཞུགས་སྒར་དུ་རྟེན་གཞི་ཆགས་པ་ཀིརྟིའི་བྱེས་པ་གྲྭ་ཚང་བཙུགས་ནས་ལོ་ངོ་ཉི་ཤུ་རྩ་ལྔ་ཧྲིལ་པོ་འཁོར་པ་དང་།མ་འོངས་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་སྐྱེད་སྲིང་ཡོང་ཐབས་ཀྱི་མཁས་པའི་བགྲོ་གླེང་དང་པོ་ཀིརྟི་གྲྭ་ཚང་གིས་གོ་སྒྲིག་གནང་སྟེ་ཉི་མ་གསུམ་རིང་འཚོགས་བཞིན་པའི་ཐོག་སྤྱི་ཟླ་༡༢པའི་ཚེས་༧ཉིན་༧གོང་ས་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་ཀིརྟི་རིན་པོ་ཆེ་མཆོག་གིས་དགེ་འདུན་པ་ན་གཞོན་ཚོའི་ཆེད་རྩོམ་སྒྲིག་གནང་བ།འཛིན་གྲྭ་དང་པོ་ནས་དགུ་བའི་བར་གྱི་སློབ་དེབ་པོད་༦༩ཡོད་པ་དབུ་འབྱེད་དང་འབྲེལ་བོད་མི་ཚོས་ལུས་སྲོག་ལོངས་སྤྱོད་ཕངས་མེད་ཀྱིས་བོད་སྤྱི་དོན་དུ་དཀའ་ལས་བརྒྱབས་པའི་སེམས་ཤུགས་དང་སྙིང་སྟོབས་ནི།བོད་པ་རང་གི་རིག་གཞུང་གཏིང་ཟབ་དང་བོད་ཡིག་ཟུར་དུ་ཡོད་པའི་ཐོག་ནས་བསླེབ་ཀྱི་འདུག་ཅེས་བཀའ་གནང་སོང་། གཞན་ཡང་༧གོང་ས་མཆོག་གིས་ནང་པའི་ཚན་རིག་ཀུན་བཏུས་དང་ལྟ་གྲུབ་ཀུན་བཏུས་སོགས་ཤེས་ཡོན་གྱི་སྡེ་ཚན་དུ་བཞག་སྟེ་དོ་སྣང་གནང་དགོས་པའི་སྐོར་ལའང་ལམ་སྟོན་ཕེབས་སོང་། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་མཁས་པའི་བགྲོ་གླེང་དེ་ཚུགས་དོན་ནི། ཁོང་ལ་རེ་བ་བརྒྱབ་བསྡད་པའི་མི་མང་པོ་དང་དགོན་སྡེ་རྣམས་ལམ་ཡག་པོ་ཞིག་ལ་འཁྲིད་པར་ཁོར་ཡུག་དང་སྒྲིག་ལམ། དེང་དུས་བཅས་དཀའ་ངལ་མང་པོ་ཞིག་འཕྲད་ཡོང་གི་ཡོད་པར་བརྟེན་བགྲོ་གླེང་གྲ་སྒྲིག་གི་རྩ་བའི་དམིགས་ཡུལ་དེ་ཡིན་པར་གསུངས་པ་དང་འབྲེལ། བོད་རང་བཙན་གྱི་སྐབས་སུའང་བོད་གཞུང་གི་ཆབ་སྲིད་ཀྱི་ཐོག་ནས་བོད་ཆ་ཚང་གཅིག་འོག་ཏུ་འདུས་མེད་པར་༧རྒྱལ་བ་རིན་པོ་ཆེའི་མཚན་སྙན་གྱིས་བོད་མི་ཡོངས་རྫོགས་གཅིག་འོག་ཏུ་འདུས་ཡོད་པས་མ་འོངས་༧རྒྱལ་བའི་ཡང་སྲིད་ལ་བདག་པོ་བསྐྱོན་མཁན་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་བསྲ་བརྟན་རྒྱ་ཆེ་བཟོ་རྒྱུར་གྲ་སྒྲིག་བྱེད་དགོས་པའི་འབོད་སྐུལ་གནང་གི་འདུག མཁས་པའི་བགྲོ་གླེང་འདིར་ཆོས་བརྒྱུད་འདྲ་མིན་ཁག་གི་དགོན་སྡེ་བརྒྱ་ལྷག་ནས་དགེ་འདུན་དང་བཙུན་མ་བརྒྱ་དང་ལྔ་བཅུ་ཙམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་བཅས་ཕེབས་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ང་ཚོའི་ཆོས་དེ་ཡིན་ནའང་་ཚོགས་ལ་ཕན་པ་དང་དམངས་ལ་བསྟུན་པ་ཞིག་དགོས་སྐོར་ལམ་སྟོན་གནང་གི་འདུག ཡང་སྐུ་མགྲོན་དུ་ཆེད་ཕེབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བགྲོ་གླེང་འདི་ནི་གསར་གཏོད་རང་བཞིན་ལྡན་པའི་རླབས་ཆེན་གྱི་བྱ་བ་ཞིག་དང་། ༧རྒྱལ་བའི་དགོངས་པ་བཀའ་སློབ་ལམ་སྟོན་རྣམས་ལག་ལེན་དུ་འགེལ་ཐབས་ཀྱི་གོམ་སྟབས་ཆེན་པོ་ཞིག་ཡིན་པ་སོགས་གསུང་བཤད་གནང་གི་འདུག མཛད་སྒོ་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་དྲུང་ནས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཀིརྟི་བྱེས་པ་གྲྭ་ཚང་གི་གཞུང་ཆེན་བཀའ་པོད་ལྔའི་བསླབ་པ་མཐར་སོན་དང་པོ་རྣམས་ལ་འདུལ་བ་རབ་འབྱམས་པའི་ཕྱག་ཁྱེར་ཕུལ་ཡོད་པ་དང་ཆབས་ཅིག ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་ནས་གྲྭ་ཚང་གིས་རྩོམ་སྒྲིག་གི་རྟགས་འཇུག་མཐའ་དཔྱོད་དེབ་གཉིས་དང་། སློབ་དེབ་བློ་གསལ་མགུལ་རྒྱན་བཅས་རྩིས་འཁོར་གྱི་ཐོག་ནས་དབུ་འབྱེད་གནང་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།