ལམ་བསླབ་པ་གསུམ་གོ་རིམ་ལྡན་པའི་ཐོག་ནས་ཤེས་སྒྲིབ་སྤོང་བ་བྱེད་དགོས་པ་བཀའ་གནང་པ།

2019-10-04
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་ཐེ་ཝན་གཙོས་དད་ལྡན་པ་སྟོང་ཕྲག་མང་པོར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་ཉིན་གཉིས་པ།༢༠༡༩།༡༠།༤
༧གོང་ས་མཆོག་གིས་ཐེ་ཝན་གཙོས་དད་ལྡན་པ་སྟོང་ཕྲག་མང་པོར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་ཉིན་གཉིས་པ།༢༠༡༩།༡༠།༤
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་འོད་ཟེར།

༄༅།།ཕྱི་ཟླ་ ༡༠ ཚེས་ ༤ དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་ཉིན་གཉིས་པའི་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུག་གསུམ་ཉོན་མོངས་སེལ་བར་ཤོག་ཅེས་གསུངས་པའི་དུག་གསུམ་གྱི་ཉོན་མོངས་ཁ་ནས་སངས་རྒྱས་ཀྱི་མཚན་གྲངས་གསོག་བྱེད་པའི་ཐོག་ནས་སེལ་ཐུབ་རྒྱུ་མིན་པར་གཙོ་བོ་ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱི་སྣང་བ་འབར་བའི་ཐོག་ནས་སེལ་དགོས་པ་བཀའ་གནང་ཡོད་པ་རེད། ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་ལྟ་བུའི་ཤེས་རབ་ཀྱི་སྣང་བ་གོང་ནས་གོང་དུ་འཕེལ་བའི་ཉམས་ལེན་ནི་ཤེས་རབ་ཀྱི་བསླབ་པ་ཡིན་པ་དང་། དེ་ལྟར་ཡོང་བར་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་གྲོགས་བྱེད་དགོས་སྟབས་བསླབ་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་། དེའི་གཞི་མ་བསླབ་པ་སོ་ཐར་གྱི་སྡོམ་པ་སོགས་བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་ཡ་མ་བྲལ་བའི་ཐོག་ནས་ཉམས་ལེན་བྱེད་པའི་ཁར། རྒྱལ་སྲས་སྤྱོད་ལ་འཇུག་པར་ཤོག་ཅེས་གསུངས་པ་ལྟར། བསླབ་པ་གསུམ་གྱི་ཉམས་ལེན་དེ་དག་བྱང་ཆུབ་སེམས་ཉམས་ལེན་གྱི་སྣེ་ཟིན་པ་ཞིག་དགོས་པ་བཀའ་གནང་ཡོད་པ་རེད།
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་རྙོག་མང་ཆེ་བ་མིས་བཟོས་པ་ཡིན་པ་དང་། དེ་ཡང་གཞན་ཕན་དང་གཞན་བདེ་བར་འགོད་ཐབས་ཀྱི་བསམ་བློ་མེད་པའི་ཐོག་ནས་ཡོང་གི་ཡོད་པ་བཀའ་གནང་ཞིང་། དཔེར་ན་ཚེ་འདི་ལ་ཡིན་ནའང་ཇི་ཙམ་གྱིས་གཞན་ཕན་གྱི་བློ་ཡོད་པ་དེའི་ཚོད་ཀྱིས་སོ་སོ་སྐྱིད་པ་ཡོད་པ་དང་། ཇི་ཙམ་གྱིས་གཞན་ཡལ་བར་དོར་རང་གཅིག་པུ་བསམ་བསྡད་ན་སོ་སོར་ཧ་ཅང་གིས་གྲ་མ་འགྲིག་པ་ཡོང་བསྡད་ཀྱི་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཡིན་པ་གསལ་བཤད་གནང་ཡོད་པ་རེད།
དེར་བརྟེན་གཞན་དོན་འཁུར་དུ་བླངས་པའི་ཉམས་ལེན་བྱང་ཆུབ་ཀྱི་སེམས་ཀྱིས་འཕྲལ་དུ་སོ་སོའི་སེམས་སྐྱིད་པ་དང་ལུས་བདེ་བ། སྤྱི་ཚོགས་ནང་ཚང་མར་གྲོགས་པོ་བཟོ་ཐུབ་པ། ཚེ་ཕྱི་མར་ཡང་མངོན་མཐོའི་ལུས་རྟེན་ཐོབ་པ་དང་སངས་རྒྱས་ཀྱི་བསྟན་པ་དང་མཇལ་བ་རང་ཤུགས་ཀྱིས་ཡོང་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་ ༢༡ མཉམ་དུ་འདུས་པའི་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། བཞུགས་སྒར་རྡ་རམ་ས་ལར་མཐུན་ཚོགས་དེའི་ཚོགས་མི་ཆིག་སྟོང་ཆིག་བརྒྱ་ཉི་ཤུ་རྩ་བདུན་གཙོས། རྒྱལ་ཁབ་ ༦༡ ནས་ཕེབས་པའི་ཆོས་ཞུ་བ་བདུན་སྟོང་ལྔ་བརྒྱ་བརྒལ་བར། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་གནང་བཞིན་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།