བཞུགས་སྒར་དུ་སེམས་དང་སྲོག་གི་ཚོགས་འདུ་ཐེངས་༣༣་དབུ་ཚུགས་གནང་འདུག


2018.03.12
བཞུགས་སྒར་དུ་སེམས་དང་སྲོག་གི་ཚོགས་འདུ་ཐེངས་༣༣་དབུ་ཚུགས་གནང་སྐབས། ༢༠༡༨།༣།༡༢ བཞུགས་སྒར་དུ་སེམས་དང་སྲོག་གི་ཚོགས་འདུ་ཐེངས་༣༣་དབུ་ཚུགས་གནང་སྐབས། ༢༠༡༨།༣།༡༢
RFA

ནང་སེམས་ཀྱི་བཟང་པོའི་ཡོན་ཏན་དེ་ཚན་རིག་དང་མཐུན་པའི་ཐོག་ཤེས་ཡོན་གྱི་ལམ་ནས་སྤེལ་དགོས་བ་༧གོང་ས་མཆོག་གིས་གསུངས་འདུག
དེ་ཡང་ཕྱི་ཟླ་༣་པའི་ཚེས་ ༡༢ ཉིན་གྱི་སྔ་དྲོ་བཞུགས་སྒར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་ཁམས་རིག་པ་དང་དབང་རྩའི་ཚན་རིག་སོགས་འཛམ་གླིང་ནང་གྲགས་ཆེ་བའི་ཚན་རིག་པ་ཁག་ཅིག་དང་གདན་ས་ཁག་གི་གཙོས་བོད་བརྒྱུད་ནང་བསྟན་གྱི་མཁན་པོ་ལ་སོགས་པ་ཚོགས་བཅར་བ་མི་གྲངས་ ༣༠༠ ཙམ་ཆེད་བཅར་གྱི་ཐོག་ནས་སེམས་དང་སྲོག་ཏེ།  ནང་པ་དང་ཚན་རིག་མཁས་པའི་དབར་གྱི་བགྲོ་གླེང་གི་ཚོགས་འདུ་ཐེངས་ ༣༣ པ་བསྐོང་ཚོགས་ཀྱིས་ཉིན་གྲངས་ལྔའི་རིང་ལྷན་ཚོགས་གནང་རྒྱུ་ཡིན་པ་རེད།
འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་བསམ་བློ་གསར་གཏོད་ཅེས་པའི་ལྷན་ཚོགས་འདིའི་ཐོག་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ཆོས་ལུགས་ལ་མ་བརྟེན་པའི་ཡ་རབས་སྤྱོད་བཟང་གཞི་རྩར་བཟུང་བའི་ཤེས་ཡོན་ལམ་ལུགས་ཤིག་གོང་མཐོར་གཏོང་རྒྱུའི་ཐད་གོ་བསྡུར་མཛད་རྒྱུ་ཡིན་པའི་ཐོག་དེང་དུས་གཞོན་སྐྱེས་རྣམས་ལ་བྱམས་བརྩེའི་བསམ་བློ་གོང་མཐོར་སྤེལ་བ་བརྒྱུད་གཞན་གྱི་བདེ་སྡུག་ལ་སེམས་ཚོར་ལྡན་པ་ཞིག་བཟོ་ཐབས་སྐོར་བགྲོ་གླེང་གནང་རྒྱུ་ཡིན་ཞིང་། ཚོགས་འདུའི་དབུ་འབྱེད་ཀྱི་ཉིན་མོར་ཚན་རིག་པ་གྲགས་ཅན་ཁག་གིས་གཞི་ཡུལ་མི་འདྲ་བའི་ཐོག་ཞིབ་འཇུག་གནང་པའི་གྲུབ་ཐོ་སྤྱན་འབུལ་ཞུས་པ་དང་། དེང་སང་འཛམ་གླིང་གི་འཕྲུལ་རིག་ཡར་རྒྱས་སྤྱི་དང་ལྷག་པར་དུ་ལག་ཐོག་ཁ་པར་ལ་སོགས་པ་དྲ་རྒྱའི་ལས་རིགས་ལས་སླ་པོ་དང་སྟབས་བདེ་པོ་བལྟ་ཀློག་ཐུབ་ཀྱི་ཡོད་པ་དེས་ཤེས་བྱའི་གོ་རྟོགས་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ངེས་ཅན་ཡོད་པ་དང་དུས་མཚུངས། དྲ་རྒྱའི་ཐོག་དྲག་སྤྱོད་དང་ཚུལ་མིན་གྱི་རིགས་མང་དག་ཞིག་བལྟ་ཀློག་བྱེད་བཞིན་པ་དེས་ཕྲུ་གུའི་བསམ་བློའི་ཚར་ལོངས་ལ་ཤུགས་རྐྱེན་ངན་པ་བྱུང་བཞིན་ཡོད་པ་གསལ་བཏོན་གནང་པར་མ་ཟད།  སྤྱི་ཚོགས་དྲ་ལམ་ཐོག་བལྟ་ཀློག་གི་དུས་ཚོད་རིང་པོ་བཏང་པ་དེས་མིའི་སྤྱི་ཚོགས་སྙིང་དང་སྙིང་གི་འབྲེལ་ལམ་བྱ་རྒྱུར་ངན་པའི་ཤུགས་རྐྱེན་ཡོང་བཞིན་ཡོད་པ་སོགས་སྙན་སྒྲོན་ཞུས་ཡོད་པ་རེད།
དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚན་རིག་པ་དང་ལྷན་བགྲོ་གླེང་མཛད་རྒྱུའི་དགོས་དོན་གཙོ་བོ་གཉིས་ཏེ་གཅིག་ནི་སྐུ་སྒེར་གྱི་ཚན་རིག་ཤེས་བྱའི་གནས་ལ་གོ་རྟོགས་ཡར་རྒྱས་གཏོང་གནང་མཛད་ཆེད་དང་། གཉིས་ནས་ཚན་རིག་ལ་གཞི་བཅོལ་ནས་མིའི་སེམས་ནང་གི་བྱམས་པ་དང་བརྩེ་བ། བཟོད་སྲན། ཆོག་ཤེས་སོགས་བཟང་སྤྱོད་ཀྱི་རིན་ཐང་དེ་དག་གོང་འཕེལ་གཏོང་ཐབས་ཆེད་ཡིན་སྐོར་སོགས་བཀའ་སློབ་བསྩལ་བ་དང་སྦྲགས་དེང་སྐབས་ཚན་རིག་དང་འཕྲུལ་ཆས་ལ་བརྟེན་ནས་གྲུབ་འབྲས་ཚད་མཐོན་པོར་སོན་ཡོད་ཀྱང་མིའི་སྡུག་བསྔལ་དང་ལྷག་པར་སེམས་ཚོར་ལ་བརྟེན་པའི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པ་དེར་ཐུགས་འཚབ་མཛད་བཞིན་ཡོད་སྐོར་དང་། ནང་སེམས་ཀྱི་བཟང་པོའི་ཡོན་ཏན་དེ་ཚན་རིག་དང་མཐུན་པའི་ཐོག་ཤེས་ཡོན་གྱི་ལམ་ནས་སྤེལ་དགོས་བ་སོགས་༧གོང་ས་མཆོག་གིས་བཀའ་སྩལ་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ཐེངས་དང་པོ་དེ་ཕྱི་ལོ་ ༡༩༨༧ ལོར་བཞུགས་སྒར་རྡ་རམ་ས་ལར་བསྐོང་ཚོགས་གནང་ཞིང་།  དེ་ནས་རིམ་པས་སེམས་དང་སྲོག་ལྟེ་གནས་ཁང་ཞིས་པ་དེ་སྒྲིག་འཛུགས་ཀྱི་ངོ་བོ་ཞིག་ཏུ་གྱུར་ཞིང་།  འཛམ་གླིང་ནང་གི་ཚན་རིག་པ་གྲགས་ཅན་པ་མང་པོས་འདིའི་ནང་མཉམ་ཞུགས་དང་དོ་སྣང་ཇེ་ཆེར་འགྲོ་བཞིན་པར་བརྟེན། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་མང་པོའི་ནང་སེམས་དང་སྲོག་གི་ལྷན་ཚོགས་བསྐོང་ཚོགས་གནང་ཡོད་པ་རེད།  ཐེངས་འདིའི་སེམས་དང་སྲོག་གི་ལྷན་ཚོགས་འདི་ཕྱི་ཟླ་ ༣ ཚེས་ ༡༢ ནས་ ༡༦ བར་ཉིན་གྲངས་བདུན་རིང་འཚོགས་རྒྱུ་ཡིན་ཞིང་།  ལྷན་ཚོགས་འདི་ཐེངས་ ༣༣ པ་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎