དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་གསུམ་བཅུ་སོ་བཞི་པ་དབུ་བཙུགས།
2017.01.02
༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དུས་འཁོར་དབང་ཆེན་ཞུས་ནས་མི་ཚེར་ཡར་རྒྱས་ཀྱི་འགྱུར་བ་འགྲོ་ཐུབ་པ་ཞིག་དགོས་པ་བཀའ་གནང་ཡོད་པ་རེད། དེ་ཡང་དེ་རིང་ཕྱི་ཟླ་ ༡ ཚེས་ ༢ ཉིན་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་གསུམ་བཅུ་སོ་བཞི་པའི་དངོས་གཞིའི་གནང་སྒོའི་ཐོག་མ་སློབ་མ་རྗེས་འཛིན་དང་དཀྱིལ་འཁོར་གྱི་སྟེགས་བུར་ཕུར་པ་འདེབས་བཙུགས་སོགས་གནང་ཡོད་པ་དང་། སློབ་མ་རྗེས་འཛིན་གྱི་རིམ་པའི་དགོས་དོན་གཙོ་བོ་ནི། སྔོན་འགྲོའི་ས་ཕྱོགས་ཀྱི་རིམ་པ་དབུ་བཙུགས་པ་ནས་རྡུལ་མཚོན་གྱི་དཀྱིལ་འཁོར་བཞེངས་གྲུབ་མ་ཟིན་བར་ཉིན་གྲངས་མང་པོ་འགོར་གྱི་ཡོད་པར་བརྟེན། དེའི་རིང་སློབ་མ་ཚོ་བགེགས་དབང་བར་ཆད་ཀྱི་རྣམ་པ་ལས་སྲུང་རྒྱུའི་ཆེད་ཡིན་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཤིང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་སོགས་པ་པན་གྲུབ་བཅུ་བདུན་གྱི་ཞབས་ཅག་པའི་གནས་ཁྱད་པར་ཅན་འདིར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སླར་ཡང་སྩོལ་གནང་མཛད་རྒྱུ་བྱུང་བ་ནི་སྐལ་པ་བཟང་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཅེས་དང་། དུས་འཁོར་དབང་ཆེན་ཞུ་བར་ཡོང་མཁན་ཚང་བ་ཆོས་དོན་དུ་གཉེར་ནས་ཡོང་བ་ཞིག་ཡིན་སྟབས། ངེས་པར་བློ་ཆོས་སུ་འགྲོ་བ་དང་ཆོས་ཆོས་སུ་འགྲོ་བ་ཞིག་དགོས་རྒྱུ་གལ་ཆེ་ཡིན་པ་བཀའ་གནང་ཡོད་པ་རེད། ལྷག་པར་དུ་དཔལ་དུས་ཀྱི་འཁོར་ལོའི་ཆོས་འཁོར་ནི་ཐེག་པ་ཆེན་པོའི་ཆོས་དང་། དེའི་ནང་ཚན་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་ཚན་པ་ཡིན་སྟབས། ཆོས་ཞུ་བ་ཚོས་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུས་ཏེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཉིད་ཀྱི་ལྟ་བ་བརྒྱུད་ལ་སྐྱེད་རྒྱུར་ངེས་པར་འབད་བརྩོན་བྱེད་དགོས་པ་བཀའ་གནང་ཡོད་པ་རེད།
ད་བར་༧རྒྱལ་དབང་༧སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་༧རྒྱལ་མཆོག་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་མང་ཤོས་དང་འདུལ་བྱ་མང་ཤོས་ལ་བསྩལ་གནང་མཛད་མཁན་འདི་ཡིན་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སློབ་མ་རྗེས་འཛིན་སྐབས། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་འདི་ལྟ་བུ་ལན་མང་བསྩལ་གནང་ཐུབ་པ་བྱུང་བ་དེ་ནི། གམ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གྲྭ་ཚང་ལ་༧རྒྱལ་མཆོག་༧སྐུ་ཕྲེང་བདུན་པའི་སྐབས་ནས་ཞ་ལུའི་ལུགས་ཀྱི་དུས་འཁོར་གྱི་གར་ཐིག་དབྱངས་གསུམ་གྱི་ཆོ་ག་སྤུས་ལེགས་ཤིག་བཙུགས་གནང་པ་དེ་མ་ཉམས་པར་གནས་ཡོད་པ་དེ་ལས་བྱུང་བ་ཞིག་ཡིན་པ་བཀའ་གནང་པ་དང༌། དམིགས་བསལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལན་མང་སྩོལ་གནང་མཛད་རྒྱུ་ཡིན་པའི་མཚན་རྟགས་བྱུང་བ་སོགས་ངོ་སྤྲོད་གནང་ཡོད་པ་རེད།
སང་ཉིན་ཕྱི་ཚེས་ ༣ ནས་ ༤ བར་ས་ཕྱོགས་ཀྱི་རིམ་པ་ཁག་གཅིག་གནང་རྒྱུ་དང་། ཕྱི་ཚེས་ ༥ ནས་སྔ་ཐོག་ས་ཕྱོགས་དང་ཉིན་རྒྱབ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱོད་འཇུག་ཆེན་མོ་དང་སྒོམ་རིམ་བར་པའི་སྒོ་ནས་གསུང་ཆོས་སྩོལ་གནང་མཛད་རྒྱུ་ཡིན་པ་རེད།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།