ཉི་ཧོང་གི་རྒྱལ་ས་ཊོ་ཁྱོའི་ནང་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་པ།
2018.03.11
ཕྱི་ཟླ་༣ཚེས་༡༠ཉིན་ཉི་ཧོང་གི་རྒྱལ་ས་ཊོ་ཁྱོའི་ནང་གསུམ་བཅུའི་དུས་དྲན་ཐེངས་༥༩པའི་སྲུང་བརྩི་ཞུ་བའི་ཆ་ཤས་སུ་ བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཉི་ཧོང་གི་ཡུལ་མི་མང་པོ་ཞིག་གིས་ཁྲོམ་གཞུང་ནང་ཐོན་ནས་བོད་ལ་རང་དབང་བསྐྱར་གསོ་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱ་རྒྱུ་མཚམས་འཇོག་བྱེད་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་སྐད་འབོད་བྱས་བཞག
རྒྱལ་ས་ཊོ་ཁྱོའི་ནང་ཡོད་པའི་Kashiwagiཞེས་པའི་སྤྱི་གླིང་ནང་བོད་མི་དང་། ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད། དེ་བཞིན་ཉི་ཧོང་གི་ཡུལ་མི་བཅས་མི་མང་མང་པོ་ཞིག་བསྡུ་འཛོམས་གནང་ནས་ཐོག་མར་ཕྱི་ལོ་༡༩༤༩ལོ་ནས་བཟུང་བོད་ནང་བོད་དོན་ཆེད་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཆེད་མྱ་ངན་གུས་གཏུད་ཞུས་གནང་བཞག སྐབས་དེར་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་བོད་ནང་གི་གནས་སྟངས་ཐོག་ཧ་ཅང་ཐུགས་ཚབས་ཆེན་པོ་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱ་རྒྱུ་མཚམས་འཇོག་ཡོང་ཐབས་སུ་རྒྱལ་སྤྱིའི་མི་མང་གིས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་བཞག ཡང་ཉི་ཧོང་གི་སློབ་ཕྲུག་གི་བོད་རང་དབང་ལས་འགུལ་ཚོགས་པའི་ཚོགས་མི་Taro Kanada ལགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་རྗེས་ཞི་བའི་གོམ་གྲོས་དབུ་འཛུགས་གནང་བཞག རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱ་མཁན་རྣམས་ཀྱིས་ ལག་ཏུ་བོད་ཀྱི་རྒྱལ་དར་དང་ཁྲེད་དར་སོགས་འཁྱེར་ནས་བོད་ལ་རང་དབང་དགོས། བོད་མིར་འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་པ་སོགས་ཀྱི་སྐད་འབོད་གནང་བཞིན་ Shinjuku གྲོང་ཁྱེར་བརྒྱུད་གོམ་གྲོས་བྱེད་པའི་སྐབས་འགྲོ་ལམ་གྱི་གཡས་གཡོན་དུ་ཉི་ཧོང་གི་ཡུལ་མི་དང་ཕྱི་རྒྱལ་བ་སོགས་མི་མང་སྟོང་ཕྲག་མང་པོས་དོ་སྣང་ཆེན་པོ་གནང་ཡོད་འདུག ཡང་གསུན་བཅུའི་དུས་དྲན་གྱི་སྔ་ནུབ་སུ་བོད་མི་དང་ཉི་ཧོང་གི་ཡུལ་མི་ཁག་གཅིག་གིས་རྒྱལ་ས་ ཊོ་ཁྱོའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་ཕྱིན་ནས་ངོ་རྒོལ་སྐད་འབོད་ཡང་གནང་བའི་གནས་ཚུལ་འདུག།
གསར་འགོད་པ་ཚེ་དབང་དངོས་གྲུབ།