༧གོང་ས་མཆོག་རྒྱ་གར་མ་སུ་རིར་༧ཞབས་སོར་འཁོད་ནས་ལོ་ངོ་༦༠འཁོར་བ།

2019-04-20
གློག་འཕྲིན།
མཆན།
Share
པར་བཀོད།
ཕྱི་ལོ་ ༡༩༥༩ ཕྱི་ཟླ་༤ཚེས་༢༠ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མ་སུ་རིར་སྐུ་འཁོར་ཧྲག་བསྡུས་དང་བཅས་ཞབས་སོར་འཁོད་ནས་ལོ་ངོ་དྲུག་ཅུ་འཁོར་བ།
ཕྱི་ལོ་ ༡༩༥༩ ཕྱི་ཟླ་༤ཚེས་༢༠ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མ་སུ་རིར་སྐུ་འཁོར་ཧྲག་བསྡུས་དང་བཅས་ཞབས་སོར་འཁོད་ནས་ལོ་ངོ་དྲུག་ཅུ་འཁོར་བ།
བོད་མིའི་སྒྲིག་འཛུགས།

༄༅༎དེ་རིང་ཕྱི་ལོ་ ༢༠༡༩ ཕྱི་ཟླ་༤ཚེས་༢༠འདི་ནི་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་རྒྱ་གར་ཤར་ཕྱོགས་ཨ་སམ་མངའ་ཁུལ་དང་དེ་ནས་རིམ་པས་བྱང་ཕྱོགས་མ་སུ་རིར་༧ཞབས་སོར་འཁོད་ནས་ལོ་ངོ་དྲུག་ཅུ་འཁོར་བའི་ཉིན་མོ་ཞིག་ཡིན་པའི་དྲན་གསོ་ཞུས་འདུག དེ་ཡང་རྒྱ་གར་གྱི་Times of India ཞེས་པའི་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་ཐོན་པར་ལྟར་ན། ཕྱི་ལོ་ ༡༩༥༩ ཕྱི་ཟླ་༤ཚེས་༢༠ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མ་སུ་རིར་སྐུ་འཁོར་ཧྲག་བསྡུས་དང་བཅས་༧ཞབས་སོར་འཁོད་པའི་སྐབས་ད་ལྟའི་མ་སུ་རི་བུ་ཁྱིམ་དང་གཏན་འཇགས་སློབ་གྲྭ་གཉིས་ཀྱི་ཉེ་འཁྲིས་སུ་ཆགས་པའི་རྒྱ་གར་གཞུང་ནས་བྷིར་ལ་ཁང་པ་ཞེས་པའི་ནང་བཞུགས་ཡུལ་གྲ་སྒྲིག་ཞུས་ཡོད་པ་དང་། ཁུལ་དེར་ཕེབས་པའི་སྐབས་ཕེབས་ལམ་གཡས་གཡོན་དུ་རྒྱ་གར་བ་ཚོས་ལག་ཏུ་རྒྱལ་དར་འཁྱེར་ནས་རུ་བསྟར་སྒྲིག་ནས་ཕེབས་བསུ་ཞུས་ཡོད་པའི་སྐོར་ལོ་རྒྱུས་མཁས་པ་སྐུ་ཞབས་ Gopal Bhardwaj གྱིས་དྲན་གསོ་ཞུས་འདུག ཁོང་གིས། སྐབས་དེར་ཁོང་རང་ཉིད་ལོ་ན་དགུ་མ་གཏོགས་མིན་པ་དང་། ཨ་མ་ལགས་ཀྱི་མཉམ་དུ་ཕེབས་བསུར་བཅར་མྱོང་ཡོད་ཅེས་གསུངས་འདུག

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མ་སུ་རིར་ཆིབས་བསྒྱུར་གནང་བའི་ཉིན་བཞིའི་རྗེས་ཏེ་ཚེས་༢༤ཉིན་རྒྱ་གར་གྱི་སྐབས་དེའི་སྲིད་བློན་Pandit Jawaharlal Nehru མཆོག་༧གོང་ས་མཆོག་མཇལ་ཁར་ཕེབས་ནས་དབུ་འཁྲིད་རྣམ་གཉིས་ཕལ་ཆེར་ཆུ་ཚོད་བཞི་ལྷག་ཙམ་བཀའ་མོལ་གནང་ཡོད་པའི་སྐོར་༧གོང་ས་མཆོག་གི་མཛད་རྣམ་སྐྱབས་བཅོལ་ནང་རང་དབང་ཞེས་པའི་ཕྱག་དེབ་ནང་བཀོད་གནང་ཡོད་པ་མ་ཟད་མ་སུ་རིར་ལོ་གཅིག་བཞུགས་པའི་དུས་ཡུན་དེ་ནི་སྐུ་ངལ་ཆེ་ཤོས་ཞིག་བྱུང་གནང་ཡོད་པ་ནི་བོད་ནང་གི་གནས་སྟངས་གཏན་ལྷིང་མེད་སྟབས་བོད་ཀྱི་གནད་དོན་དེ་ག་འདྲ་ཞིག་ཆགས་ཡོང་དགོངས་པའི་ཐུགས་འཚབ་ཆེན་པོ་བྱུང་གནང་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་དུས་ཚོད་དེའི་རིང་འཛམ་གླིང་གི་དཔོན་རིགས་དང་གསར་འགོད་པ་སོགས་མང་པོ་ཞིག་དང་མཇལ་འཕྲད་གནང་རྒྱུའི་གོ་སྐབས་ཀྱང་བྱུང་གནང་ཡོད་ལུགས་བཀའ་གནང་བའི་སྐོར་ཡང་ལུང་འདྲེན་གནང་འདུག

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མ་སུ་རིར་ལོ་གཅིག་ཙམ་ལྷག་ཙམ་བཞུགས་པའི་རྗེས་སུ་ཕྱི་ལོ་ ༡༩༦༠ ཕྱི་ཟླ་༤པའི་ནང་ད་ལྟའི་བཞུགས་སྒར་རྡ་རམ་ས་ལར་སྤོ་ཞུགས་གནང་ཡོད་པ་བཅས་ལོ་འདིར་བོད་མི་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཡི་ཡོད་པ་དང་ཆབས་ཅིག་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ཐོག་མར་ཆགས་ཡུལ་ཡང་བྱང་ཕྱོགས་མ་སུ་རི་ཡིན་པའི་དྲན་གསོ་ཞུས་འདུག།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།