༄༅། །རྒྱ་ནག་དང་ཧོང་ཀོང་ཐེ་ཝན་གྱི་ལེ་ཚན་ནང་། ད་རེས་ཕྱི་ཟླ་༧ཚེས་༡༦ཉིན་པེ་ཅིང་གི་གཞོན་ནུའི་ཚགས་ཤོག་ལས་ཁང་གི་མདུན་རང་ཉིད་ཀྱི་བདེ་སྡུག་ཞུ་མཁན་མི་བདུན་གྱིས་ཞིང་སྨན་བཏུང་ནས་རང་ཤི་རྒྱག་ཐབས་བྱས་པའི་སྐོར་འཆི་མེད་ལགས་ནས་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།། གསར་འགོད་པ་འཆི་མེད།
པེ་ཅིན་རྒྱ་ནག་ན་གཞོན་ཚགས་པར་ཁང་གི་སྒོ་འགྲམ་དུ་མི་བདུན་གྱིས་ཞིང་སྨན་འཐུང་ནས་རང་ཤི་ངོ་རྒོལ་རྒྱག་ཐབས་བྱས་འདུག
དེ་ཡང་ཚེས༡༦ཉིན་གྱི་སྔ་དྲོ་པེ་ཅིན་གྱི་ཆུ་ཚོད་༨།༡༠ཙམ་ལ་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་རྒྱ་ནག་ན་གཞོན་ཚགས་པར་ཁང་གི་སྒོ་འགྲམ་དུ་བུད་མེད་༢དང་སྐྱེས་པ་༥ཡིས་ཞིང་ཁའི་ནང་གཏོར་རྒྱུའི་འབུ་སྨན་འཐུངས་ནས་རང་ཤི་རྒྱག་རྩིས་བྱས་ཡོད་པ་དང་། སྐར་མ་བཅུ་གྲངས་ཤིག་འགོར་རྗེས་མྱུར་སྐྱོབ་རླངས་འཁོར་གྱིས་ཁོང་ཚོ་སྨན་ཁང་ལ་འཁྱེར་འདུག ད་ལྟ་ཁོང་ཚོའི་ཤི་གསོན་གྱི་གནས་སྟངས་གསལ་བོ་མེད་པ་དང་། ཉེན་རྟོག་ཕྱོགས་ནས་དེའི་ཐད་རྒྱུ་རྐྱེན་གང་ཡིན་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ལུགས་བརྗོད་འདུག འོན་ཀྱང་དབྱིན་ཇིའི་BBCགསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རང་ཤི་རྒྱག་མཁན་དེ་ཚོ་རྒྱ་ནག་ཅང་སུའུ་ཞིང་ཆེན་སི་ཧོང་རྫོང་ཆིན་ཡཱང་གྲོང་ཚོ་ནས་ཡིན་པ་དང་། བར་ལམ་ཞིག་ནས་ས་གནས་སྲིད་གཞུང་གིས་གྲོང་ཚོ་འཛུགས་སྐྲུན་ལ་ཁ་གཡར་ཏེ་མཁར་གྲོང་རྙིང་པ་གཏོར་བཤིག་གཏོང་བཞིན་ཡོདཔ་དང་། ས་ཁང་གི་ཡིག་ཆ་མེད་མཁན་ཚོར་གུན་གསབ་ཉུང་ཉུང་མ་གཏོགས་སྤྲད་མེད་པ་མ་ཟད། གྲོང་མི་མང་པོར་སྡོད་ཁང་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། མང་ཚོགས་ཀྱིས་རྫོང་སྲིད་གཞུང་ལ་མི་མང་གི་སྡོད་ཁང་ཁྲིམས་འགལ་གཏོར་བཤིག་གཏོང་བཞིན་ཡོད་པའི་ཞུ་གཏུག་ཡི་གེ་སྤྲད་ཡོད་ཀྱང་རྫོང་སྲིད་གཞུང་གིས་བཟང་ཕྱོགས་ཀྱི་ཡ་ལན་སྤྲད་མེད་པ་མ་ཟད། ཞུ་གཏུག་བྱེད་པར་འགྲོ་མཁན་གྲོང་མི་ཚོ་བཙོན་ཏུ་བཅུག་ཡོད་པ་དང་། འདས་ལོའི་ཕྱི་ཟླ་༩ཚེས་༢༤ཉིན་གྱི་སྔ་དྲོར་ཆིན་ཡཱང་གྲོང་ཚོའི་འགོ་ཁྲིད་ཚོས་འཛུགས་བསྐྲུན་ལ་ཁ་གཡར་ཏེ་མི་མང་གི་ཁང་ས་བཙན་འཕྲོག་བྱེད་བཞིན་ཡོད་སྟབས་ས་གནས་ཁག་གི་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་རིམ་པར་སྤེལ་བ་མ་ཟད། འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་བསྲེགས་བཏང་བ་དང་ཞིང་སྨན་འཐུངས་བ་སོགས་ཀྱི་ངོ་རྒོལ་ལས་འགུལ་བསྟུད་མར་བྱུང་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།
