སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་རྩིས་གྲོས་ཚོགས་ཚོགས་དུས་བདུན་པ་དབུ་ཚུགས།

2019-03-19
གློག་འཕྲིན།
མཆན།
Share
པར་བཀོད།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པ་དབུ་ཚུགས་སྐབས། ༢༠༡༩།༣།༡༩
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པ་དབུ་ཚུགས་སྐབས། ༢༠༡༩།༣།༡༩
RFA

སྤྱི་འཐུས་རྣམས་མི་མང་གིས་འོས་འདེམས་བྱས་པའི་འཐུས་མི་ཡིན་སྟབས་རྒྱ་ཆེའི་མི་མང་དགའ་བ་སྐྱེས་འོས་པའི་ལས་དོན་གནང་དགོས་པ་དེ་གལ་ཆེན་པོ་རེད་ཅེས་སྤྱི་འཐུས་ཚོགས་གཙོས་གྲོས་ཚོགས་དབུ་ཚུགས་སྐབས་གསུངས་འདུག
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་གྲོས་ཚོགས་ཚོགས་དུས་བདུན་པ་འདི་༢༠༡༩ ཟླ་༣ ཚེས་༡༩ ནས་དབུ་བཙུགས་གནང་ཞིང་། དཔལ་འབྱོར་བཀའ་བློན་མཆོག་གིས་དབུས་བོད་མིའི་རྒྱུ་གྲོན་ཆེད་རྒྱ་གར་སྒོར་མོ་ས་ཉི་སྟོང་ལྔ་བརྒྱ་ལྷག་གི་སྔོན་རྩིས་བཀའ་ཁྲོལ་ཞུས་འདུག  ཡང་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྤྱི་འཐུས་རྣམ་པ་བོད་མི་མང་གིས་འོས་འདེམས་བྱས་པའི་འཐུས་མི་ཤ་སྟག་ཡིན་སྟབས་ལས་དོན་ཚང་མ་བོད་རྒྱལ་ཁབ་དང་མི་རིགས་ལ་ཕན་པ་ཞིག་དགོས་པ་གསུངས་པ་དང་། ཡང་གྲོས་ཚོགས་འདི་སྤུས་ཚད་གང་འདྲ་ཞིག་ཡོང་མིན་དེ་ཡང་གྲོས་ཚོགས་འཐུས་མི་རྣམས་ལ་རག་ལུས་ཡོད་སྟབས། གྲོས་ཚོགས་འདི་རྒྱ་ཆེའི་མི་མང་ཙམ་དུ་མ་ཟད་གཞན་ལ་མིག་དཔེར་འོས་པ་ཞིག་བཟོ་དགོས་པ་གསུངས་ཤིང་། ཁོང་གིས་གྲོས་ཚོགས་འདི་གྲོལ་བའི་རྗེས་ལ་རྒྱ་ཆེའི་མི་མང་དགའ་བ་སྐྱེས་འོས་པ་ཞིག་ཆགས་པ་ཡིན་ན་གྲོས་ཚོགས་འཚོགས་གོ་ཆོེད་ཡོད་པ་དང་། གལ་ཏེ་མི་མང་ཐུགས་ཕམ་སྐྱེས་དགོས་པ་ཞིག་ཆགས་པ་ཡིན་ན་གྲོས་ཚོགས་འཚོགས་གོ་མ་ཆོད་པ་ཞིག་ཡིན་པ་གསུངས་འདུག ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་འདུ་འདི་ཕྱི་ཟླ་ ༣ ཚེས་ ༢༩ བར་འཚོགས་རྒྱུ་ཡིན་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་དཔའ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་འཆར་འབུལ་གནང་བའི་ནང་། བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་༢༠༡༩-༢༠ལོའི་རྒྱུན་གྲོན་དང་དམིགས་བསལ་ལས་དོན། ཟུར་བཀོལ་དམིགས་བཀར་ལས་འཆར་བཅས་པར་ཕྱོགས་བསྡོམས་འགྲོ་གྲོན་གྱི་དགོས་དངུལ་ཧིན་སྒོར་ས་ཡ་ཉི་སྟོང་ལྔ་བརྒྱ་དང་ལྔ་འབུམ་ཁྲི་མེད་ལྔ་སྟོང་གསུམ་བརྒྱ་གསུམ་བཅུ་སོ་གསུམ་ (༢,༥༠༥།༣༣) གྱི་སྔོན་རྩིས་འཆར་གཞི་ཕུལ་ཡོད་པ་རེད།
ཡང་ཚོགས་འདུ་ཉིན་དང་པོའི་ཉིན་བོད་ནང་གི་བོད་མིའི་གནས་སྟངས་མུ་འཐུག་ཉག་ཁྲ་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོར་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ནས་ལོ་ངོ་བཅུ་འཁོར་བའི་དུས་ཚིགས་དྲན་གསོ་ཞུ་རྒྱུ་དང་། རྒྱ་ནག་གཞུང་གིས་བོད་མིའི་མངོན་འདོད་མ་གྲུབ་པའི་ཁར་བོད་མིའི་ཐོག་སྡུག་རྩུབ་ཀྱི་སྲིད་བྱུས་མུ་འཐུད་བཟུང་བཞིན་པའི་གནས་སྟངས་སོགས་ལ་གཞིགས་སྟེ་གདུང་སེམས་མཉམ་སྐྱེད་ཀྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཐད་བགྲོ་གླེང་གནང་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་འདི་ལོའི་སྔོན་རྩིས་འཆར་འབུལ་ནང་གསལ་གྱི་དངུལ་གྲངས་ནི་རྩིས་ལོ་ ༢༠༡༨-༡༩ ལས་བརྒྱ་ཆ་ལྔ་དང་གྲངས་ཆུང་ལྔ་བཅུ་ང་ལྔ་ཙམ་གྱིས་ཉུང་བ་ཡིན་པ་གསུངས་འདུག་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་རྩིས་ལོ་འདིའི་ནང་བཀའ་ཤག་གི་རྒྱབ་གཉེར་གནང་བའི་འགྲོ་གྲོན་ཆ་ཚང་ལ་སྤར་གཅོག་གང་ཡང་མེད་པར་རྒྱབ་གཉེར་གནང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༡༩-༢༠ ལོའི་སྔོན་རྩིས་ཐོག་སྤྱི་ཟླ་༠༣པའི་སྤྱི་ཚེས་༢༠ ཉིན་ནས་སྤྱི་ཡོངས་ཀྱི་བགྲོ་གླེང་གནང་རྒྱུ་ཡིན་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།