གྲོས་ཚོགས་ནང་དམིགས་བསལ་ཚོགས་ཆེན་གྱི་བརྗོད་གཞིའི་ཐོག་གླེང་སློང་བྱུང་འདུག

2019-03-20
གློག་འཕྲིན།
མཆན།
Share
པར་བཀོད།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པ་དབུ་ཚུགས་སྐབས། ༢༠༡༩།༣།༡༩
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པ་དབུ་ཚུགས་སྐབས། ༢༠༡༩།༣།༡༩
RFA

ཕྱི་ཟླ་ ༡༠ ནང་ཚོགས་རྒྱུའི་དམིགས་བསལ་ཚོགས་ཆེན་གྱི་བརྗོད་གཞི་གཉིས་འཇོག་དགོས་དོན་གྲོས་ཚོགས་ནང་གླེང་སློང་བྱུང་སྐབས་རྒྱབ་ལྗོངས་རྒྱུ་མཚན་ཁག་གྲོས་ཚོགས་བརྒྱུད་ཞུས་ན་ཕན་གནོད་གང་འགྱུར་ཆ་མ་འཚལ་བ་ཡིན་སྟབས་ཡོངས་གྲགས་གནང་རྒྱུ་མིན་པ་སྤྱི་འཐུས་ཚོགས་གཙོས་གསུངས་ཡོད་པ་རེད།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ཉིན་གཉིས་པར། ཉེ་ལམ་བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་ཀའི་ངོས་ནས། འདི་ལོའི་ཕྱི་ཟླ་་༡༠པའི་ཚེས་༣ནས་ཉི་མ་གསུམ་གྱི་རིང་། ལྔ་དང་ལྔ་བཅུའི་འཆར་སྣང་དང་། ༧རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མི་མང་བར་གྱི་འབྲེལ་བ་ཞེས་པའི་བརྗོད་གཞི་གཉིས་ཀྱི་ཐོག་མི་མང་གི་བསམ་ཚུལ་བསྡུ་རུབ་ཀྱི་དམིགས་བསལ་ཚོགས་ཆེན་བསྐོང་རྒྱུའི་གསལ་བསྒྲགས་གནང་པ་དེའི་ནང་དོན་ཐད་མདོ་སྨད་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ཀྱིས། ད་བར་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་དང་བཅའ་ཁྲིམས་རིན་པོ་ཆེའི་ལམ་སྟོན་ཚང་མ། ལྔ་དང་ལྔ་བཅུའི་ལས་དོན་དང་ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་དུ། བོད་མིའི་ཕྱག་ལས་གནང་ཕྱོགས་ལ་ལམ་སྟོན་གསལ་བོ་གནང་བཞག་པ་ཅིག་ཡིན་པ་དང་། ཟུར་དུ་ལྔ་དང་ལྔ་བཅུའི་ཐ་སྙད་གསར་བཟོས་ནི་སྔོན་མ་ནས་ཆབ་སྲིད་ཀྱི་མཁས་མཛངས་ལྡན་པའི་དབུ་ཁྲིད་ཅིག་གི་འཆར་གཞིའི་ཁོངས་ཚུད་ཀྱི་མེད་པ་དང་། ༧གོང་ས་མཆོག་གི་ཐོག་ནས་ཁོང་གི་ཡང་སྲིད་དགོས་མིན་བོད་མི་མང་གིས་ཐག་གཅོད་བཀའ་འདྲི་ཞུ་རྒྱུ་ཡིན་པ་འགྱུར་བ་མེད་པར་གསུང་བསྡད་ཀྱི་ཡོད་པས། རྒྱལ་བ་རིན་པོ་ཆེ་དང་བོད་མང་བར་གྱི་འབྲེལ་བ་ཞེས་འཇོག་དགོས་དོན་དང་། ༧གོང་ས་མཆོག་གི་བཀའ་འབྲེལ་ཡོད་ན་གསལ་བོའི་སྒོ་ནས་བོད་མི་མང་ལ་གསུང་མ་ཆོག་པ་ཅི་ཡིན་སོགས་དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞི་གཉིས་དོན་སྨིན་ཁ་གསལ་དུ་ངོས་འཛིན་ཞུ་མི་ཐུབ་ལུགས་སོགས་གསུངས་ནས་གླེང་སློང་བྱུང་ཡོད།
སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། གནས་ཚུལ་ཁ་ཤས་ཤིག་རྒྱ་བསྒྲགས་སྦིར་གྲགས་བྱས་ན། ཕན་ཐོགས་ག་རེ་ཡོང་མིན་དེ་ཚོའི་ཐོག་དགོངས་པ་བཞེས་དགོས་པ་གནད་འགག་ཆེན་པོ་དང་། དམིགས་བསལ་ཚོགས་ཆེན་གྱི་བརྗོད་གཞི་གཉིས་འཇོག་དགོས་པའི་རྒྱབ་ལྗོངས་རྒྱུ་མཚན་ཁག་གྲོས་ཚོགས་བརྒྱུད་ཞུས་ན་ཕན་གནོད་གང་འགྱུར་ཆ་མ་འཚལ་བས་དེའི་ཐོག་བཞུགས་མོལ་འཚོགས་འདུ་གནང་རྒྱུ་ལས་བཀའ་ཤག་གི་ངོས་ནས་སྤྱི་འཐུས་བྱེ་བྲག་པའི་དྲི་བར་གྲོས་ཚོགས་སུ་ལན་འདེབས་མི་དགོས་པ་གསལ་བཤད་གནང་ཡོད།
ཕྱི་ཟླ་ ༣ ཚེས་ ༡༩ ནས ༢༩ བར་འཚོགས་བཞིན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་འདིར་གཙོ་བོར་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་༢༠༡༩དང་༢༠སྔོན་རྩིས་གཏན་འབེབས་གནང་གི་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།