བོད་མི་ཚོས་རྡ་རམ་སཱ་ལར་ལྷ་སའི་དགུ་བའི་ཉེར་བདུན་གྱི་ཞི་རྒོལ་སྲུང་བརྩི་གནང་འདུག

2019-09-27
གློག་འཕྲིན།
མཆན།
Share
པར་བཀོད།
ལྷ་སའི་ཞི་རྒོལ་དགུ་བའི་ཉེར་བདུན་བོད་མི་ཚོས་རྡ་རམ་སཱ་ལར་སྲུང་བརྩི་གནང་སྐབས། ༢༠༡༩།༩།༢༧
ལྷ་སའི་ཞི་རྒོལ་དགུ་བའི་ཉེར་བདུན་བོད་མི་ཚོས་རྡ་རམ་སཱ་ལར་སྲུང་བརྩི་གནང་སྐབས། ༢༠༡༩།༩།༢༧
RFA

དེ་སྔ་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཉེར་གཅིག་གིས་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་ངོ་རྒོལ་བྱས་ཏེ་མི་ལོ་༣༢འཁོར་བའི་དུས་དྲན་རྡ་རམ་སཱ་ལར་སྲུང་བརྩི་ཞུས་འདུག
དེ་སྔ་སྤྱི་ལོ་༡༩༨༧ ལོའི་སྤྱི་ཟླ་༩པའི་སྤྱི་ཚེས་༢༧་ཉིན། བོད་ཀྱི་རྒྱལ་ས་ལྷ་སར་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཉེར་གཅིག་གིས་སྣེ་ཁྲིད་ཀྱིས་ཞི་བའི་ངོ་རྒོལ་འཐབ་རྩོད་བྱས་ནས་ད་ཆ་མི་ལོ་ཧྲིལ་པོ་༣༢་འཁོར་གྱི་ཡོད་ཅིང་། ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས་ནི། ཞི་བའི་ངོ་རྒོལ་དེའི་ནང་མཉམ་བཞུགས་གནང་མཁན་གྲས་ཤིག་ཡིན་པ་དང་། ཁོང་གིས་ཞི་བའི་ངོ་རྒོལ་ལས་འགུལ་དེ་སྤེལ་དགོས་པའི་རྒྱུ་མཚན་གཅིག་ནི་རྒྱུན་དུ་རྒྱ་ནག་གཞུང་གིས་བོད་ལ་ཆོས་དད་རང་དབང་ཡོད་ལུགས་དྲིལ་བསྒྲགས་བྱེད་བཞིན་ཡོད་ནའང་། དོན་དངོས་ཐོག་བོད་མིར་ཆོས་དད་རང་དབང་མེད་པ་པ་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་བཀག་སྡོམ་བྱེད་ཀྱི་ཡོད་པ་མ་ཟད། ཐ་ན༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམོད་ཚད་ལས་བརྒལ་བ་ཞུས་ཡོད་པ་སོགས་ལ་བརྟེན་ནས་ཞི་བའི་ངོ་རྒོལ་བྱས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡང་ཉིན་འདིར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་དུས་དྲན་དེ་བཞིན་བཞུགས་སྒར་དུ་སྲུང་བརྩི་ཞུས་ཡོད་པའི་ཁར། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་ནས་མི་ལོ་༢༨་འཁོར་བའི་དུས་དྲན་ཡང་འཁེལ་ཡོད་པར་བརྟེན། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་ཟུར་དང་། ད་ལྟ་སྤྱི་འཐུས་ལས་ཐོག་མཁན་པོ་བསོན་ནམས་བསྟན་འཕེལ་མཆོག་གིས། འདས་པའི་མི་ལོ་༢༨་ལ་ཕྱི་མིག་ཤིག་བལྟས་པ་ཡིན་ན། དགུ་བཅུ་གསུམ་ལས་འགུལ་ཚོགས་པས་བོད་བསྟན་སྲིད་ཆེད་རླབས་ཆེན་གྱིས་ཞབས་འདེགས་ཞུས་ཡོད་པ་རེད། ཡིན་ནའང་། དེ་རིང་གི་དུས་དྲན་མཛད་སྒོ་དེའི་ཐོག་མི་མང་དེ་ཙམ་ལྷན་འཛོམས་བྱུང་ཐུབ་མེད་པའི་རྒྱུ་མཚན་ནི། བོད་ནང་གི་གནས་སྟངས་དང་ཆབ་སྲིད་ཀྱི་གོ་རྟོགས་དེ་ཙམ་མེད་པའི་དབང་གིས་རེད་ཅེས་འགྲེལ་བརྗོད་གནང་བ་དང་འབྲེལ། རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་བླ་ཆེན་ཁག་ད་སྐབས་ཆབ་སྲིད་ཀྱི་དྲིལ་བསྒྲགས་ལག་ཆ་ལ་བེད་སྤྱོད་གཏོང་བཞིན་པ་འགྲེལ་བརྗོད་གནང་སོང་།
མི་ལོ་༧༠་རིང་རྒྱ་ནག་གཞུང་གིས་བོད་ནང་གཏོར་གཤིག་དང་བོད་མི་རིགས་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་ནའང་། ད་བར་ང་ཚོས་མི་རིགས་ལ་བཅངས་བའི་ལྷག་བསམ་དང་སེམས་ཤུགས་ཞུམ་པ་མེད་པར་གནས་ཡོད་པ་མ་ཟད། ད་དུང་མུ་མཐུད་ནས་གནས་རྒྱུ་ཡིན་པ་བོད་མི་མང་སྤྱི་འཐུས་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་གཅིག་ལྕོགས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་གཏམ་བཤད་གནང་ཡོད།
ཡང་སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས། རྒྱ་གཞུང་གི་ད་བར་བོད་ཐོག་འཛིན་པའི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། རྒྱལ་སྤྱིའི་སྡིངས་ཆའི་སྟེང་ལ་བོད་ནང་གི་བོད་མི་ཚོའི་མངོན་འདོད་བསྒྲུབ་རྒྱུའི་ཆེད་དུ་རྟག་ཏུ་འབད་བརྩོན་བྱེད་བཞིན་ཡོད་པ་གཏམ་བཤད་གནང་ཡོད།

མཆན། (0)
Share
དྲ་གནས་ཆ་ཚང༌།