རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཡོད་པའི་ཁེ་ན་ཌའི་གཞུང་ཚབ་པ་ཆེན་མོ་མཆོག་གིས་བོད་ནང་གཟིགས་སྐོར་གནང་འདུག


2020-11-05
Share
རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཡོད་པའི་ཁེ་ན་ཌའི་གཞུང་ཚབ་པ་ཆེན་མོ་མཆོག་གིས་བོད་ནང་གཟིགས་སྐོར་གནང་འདུག རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཡོད་པའི་ཁེ་ན་ཌའི་གཞུང་ཚབ་པ་ཆེན་མོ་ Dominic Barton མཆོག
ཨེ་ཨེཕ་པི།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཕྱི་རྒྱལ་གྱི་གཞུང་ཚབ་པ་ཁག་གཅིག་བོད་དུ་གཟིགས་བསྐོར་དུ་ཕེབས་ཀྱི་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། པེ་ཅིང་དུ་ཡོད་པའི་ཁེ་ན་ཌའི་གཞུང་ཚབ་ཁང་དུ་འབྲེལ་བ་ཞུས་འབྲས་སུ། དེ་རིང་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་གློག་འཕྲིན་ཐོག་ལན་འདེབས་གནང་པའི་ནང་། གཞུང་ཚབ་ཆེན་མོ་ Dominic Barton ཕྱི་ཟླ་ ༡༠ ཚེས་ ༢༦ ནས་ ༣༠ བར་རྒྱ་ནག་གཞུང་གིས་བརྗོད་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གཟིགས་བསྐོར་དུ་ཕེབས་འདུག
ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་དེས་ཞིབ་ཕྲའི་གནས་ཚུལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་མེད་ན་ཡང་། ཁོང་གིས་གནས་པའི་གློག་འཕྲིན་དེའི་ནང་། ད་རེས་གཞུང་ཚབ་ཆེན་མོའི་བོད་ཀྱི་གཟིགས་བསྐོར་འདི་ནི་ཁེ་ན་ཌའི་དཔོན་རིགས་ཤིག་གིས་ ༢༠༡༥ རྗེས་སུ་བོད་ནང་གཟིགས་སྐོར་གནང་བ་ཐེངས་དང་པོ་ཡིན་པ་གསུངས་འདུག ཡང་གློག་འཕྲིན་དེའི་ནང་ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས།  རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་གྱི་གཞུང་འབྲེལ་མི་བོད་དུ་བསྐྱོད་རྒྱུར་རྒྱ་ནག་གཞུང་གི་བགྲོན་བརྡ་མེད་ན་བསྐྱོད་མི་ཐུབ་པ་ཡིན་པ་གསལ་སྟོན་བྱས་ཡོད་པ་རེད།
ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་དེས། ཁེ་ན་ཌའི་གཞུང་ཚབ་པ་ Dominic Barton ལགས་ཀྱི་བོད་ཀྱི་གཟིགས་བསྐོར་དེའི་སྐབས། བོད་ནང་གི་གནས་སྟངས་དང་ས་གནས་ཀྱི་འཛུགས་སྐྲུན་འཕེལ་རྒྱས་ཁག་ལ་ཐུགས་ཞིབ་གནང་བ་དང་།  ས་གནས་བོད་མི་དང་མཇལ་མོལ་གནང་སྟེ།  ཁེ་ན་ཌའི་གཞུང་ལ་ཐུགས་ཚབས་ཡོད་པའི་གནད་དོན་ཁག་གི་ཐོག་གྲོས་བསྡུར་གནང་ཡོད་པ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་དམིགས་བསལ་ཡིག་ཐོག་བཀའ་ལན་གནང་བའི་ནང་བཀོད་ཡོད་པ་རེད། འོན་ཀྱང་རྒྱ་ནག་དང་བོད་རང་སྐྱོང་ལྗོངས་ཟེར་བའི་དཔོན་རིགས་སུ་དང་མཇལ་འཕྲད་གནང་མིན་གསལ་ཁ་གང་ཡང་གསུངས་མེད་པ་རེད།
འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན།  རྒྱ་ནག་གཞུང་གིས་པེ་ཅིན་དུ་ཡོད་པའི་གཞུང་ཚབ་པ་ཁག་ཅིག་ལ་བོད་ནང་ཕེབས་རྒྱུའི་མགྲོན་འབོད་བྱས་ཡོད་ཀྱང་།  ཐཡེ་ལེན་གཞུང་ཚབ་པ་ལས་དོན་གཞན་གྱིས་དབང་གིས་ཕེབས་ཐུབ་མེད་པ་འབྲེལ་ཡོད་གཞུང་ཚབ་ལས་ཁུངས་ཀྱི་ལས་བྱེད་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་ཡོད་ལ།  ཡང་སུད་སི་གཞུང་ཚབ་ལས་ཁུངས་ཀྱིས་འབྲེལ་ཡོད་མི་སྣས། ཕྱི་རྒྱལ་གཞུང་ཚབ་ཁག་གི་གཞུང་འབྲེལ་དཔོན་རིགས་ཕྱི་ཟླ་ ༩ པ་དང་ ༡༠ བཅས་སོ་སོར་བོད་ནང་བསྐོར་སྐྱོད་གནང་ཡོད་པ་དང་།  སུད་སི་གཞུང་ཚབ་པའི་བོད་ནང་གཟིགས་སྐོར་དང་འབྲེལ་བའི་གནས་ཚུལ་རྣམས་སུད་སི་ནང་ཡོད་པའི་འབྲེལ་ཡོད་བོད་མིའི་ཚོགས་པ་ཁག་ལ་གསང་བའི་སྒོ་ནས་ངོ་སྤྲོད་གནང་ཟིན་ལུགས་འགྲེལ་བརྗོད་གནང་པ་དང་སྦྲགས། གསར་འགོད་པར་གནས་ཚུལ་འདི་ལས་ལྷག་པ་གསལ་བཤད་བྱེད་རྒྱུ་མིན་པ་བརྗོད་ཡོད་པ་རེད།
ཁེ་ཎ་ཌའི་ཕྱི་སྲིད་བློན་ཆེན་(Francois-Philippe Champagne)ལགས་ཀྱིས་ཕྱི་ཟླ་༡༠ཚེས་༢༧རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཉིན་མོ་དང་བསྟུན། རྒྱ་ནག་གི་སྟངས་འཛིན་འོག་ཡོད་པའི་བོད་ནང་གི་བོད་མི་དང་། ཡུ་གུར་ཁ་ཆེ་མི་རིགས། དེ་བཞིན་ཧྥ་ལུང་སྒོང་རྩ་རླུང་སྒོམ་སྒྲུབ་པ་ཚོའི་ཆོས་དད་རང་དབང་རྒྱ་ནག་གཞུང་གིས་སྡུག་སྦྱོང་དང་རྡོག་རོལ་གཏོང་བཞིན་པར། ཁེ་ན་ཌ་གཞུང་གི་ངོས་ནས་དོ་སྣང་དང་བཅས། མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཁབ་ཁག་ལ་དམིགས་གསལ་བརྒྱུད་ལམ་གྱི་ཐོག་ནས་ཆོས་དད་རང་དབང་ཐད་མིང་དོན་མཚུངས་པའི་མངོན་འདོད་བསྐྲུན་ཐུབ་རྒྱུར་ཤུགས་གནོན་རྒྱག་རྒྱུ་ཡིན་པ་གསུངས་ཡོད་པ་རེད།


མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།