༧གོང་ས་མཆོག་མི་རིང་བར་ནོར་ཝེ་ལ་ཕེབས་འཆར་འདུག
2014.03.19
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་ལྔ་པའི་ནང་ནོར་ཝེའི་རྒྱལ་ས་ཨོསི་ལོར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག
དེ་ཡང་ཆིབས་བསྒྱུར་གདན་ཞུ་འབུལ་མཁན་ནོ་བེལ་ཞི་བདེའི་བྱ་དགའ་ཚོགས་ཆུང་དང་། ཀརྨ་བཀྲིས་གླིང་ཆོས་ཚོགས། ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཡིན་ཞིང་། ཕྱི་ཟླ་ ༥ ཚེས་༧ནས་༩བར་གྱི་ཉིན་གྲངས་གསུམ་རིང་གི་ཆིབས་བསྒྱུར་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་བྱ་དགའ་ཕུལ་ཏེ་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་དུས་དྲན་གྱི་མཛད་སྒོ་དང་། མང་ཚོགས་ལ་བཀའ་སློབ་གསུང་བཤད། ནོ་བེལ་བྱ་དགའ་བསྟི་གནས་ཁང་གི་ཚོགས་མི་རྣམས་མཇལ་འཕྲད། སློབ་ཕྲུག་མཐུན་ཚོགས་དང་ནང་པ་ཚོར་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་ཆིབས་བསྒྱུར་གོ་བསྒྲིགས་ཚོགས་ཆུང་གི་མགྲིན་ཚབ་པ་ Wenche Stene གྱིས་ནོར་ཝེའི་དབྱིན་ཡིག་གསར་ཤོག་ The Local ཟེར་བར་གསལ་བཤད་གནང་འདུག
གསར་ཤོག་དེའི་ནང་ཕྱི་ལོ་ ༢༠༡༠ ལོར་ནོར་ཝེ་ཞི་བདེའི་བྱ་དགའ་ཚོགས་ཆུང་ནས་རྒྱ་ནག་གི་མང་གཙོ་དོན་གཉེར་བ་ལིའུ་ཞའོ་བོ་ལ་ནོ་བེལ་ཞི་བདེའི་བྱ་དགའ་གནང་པ་དེས་ནོར་ཝེ་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་ལ་དོ་ཕོག་བྱུང་བ་དང་ནོར་ཝེའི་མི་སེར་རྒྱ་ནག་ཏུ་བསྐྱོད་རྒྱུའི་ཐོངས་མཆན་ཝི་ས་ཐོབ་རྒྱུར་ཡང་དཀའ་ངལ་འཕྲད་བཞིན་ཡོད་པ་བརྗོད་འདུག།
ནོར་ཝེ་རུ་ཆིབས་བསྒྱུར་མ་གནང་གོང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཤར་ཡོ་རོབ་ཀྱི་ཡུལ་གྲུ་ལཏ་ཝི་ཡའི་ནང་ཕྱི་ཚེས་༥ནས་ ༦བར་ཆིབས་བསྒྱུར་ཞབས་སོར་འཁོད་གནང་གིས་འཕགས་པ་ཤེས་རབ་སྙིང་པོ་དང་། རྒྱལ་སྲས་ལག་ལེན་སོ་བདུན་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད་འདུག
ད་དུང་ནོར་ཝེ་ཁུལ་གྱི་མཛད་འཆར་གྲུབ་རྗེས་མཇར་མན་བོད་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་མཇར་མན་ནིར་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་ཡིན་འདུག
གསར་འགོད་པ་སྐལ་ལྡན་བློ་གྲོས།