རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་བཀག་ཉར་དང་ཉེས་འཛུགས།

2018-10-08
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་མེང་ཧོང་ཝེ(Meng Hongwei)
རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་མེང་ཧོང་ཝེ(Meng Hongwei)
Reuters

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་བཀག་ཉར་དང་རྒྱལ་ཁབ་ཀྱི་སྒྲིག་ཁྲིམས་དང་འགལ་ཡོད་པའི་ཉེས་འཛུགས་བྱས་འདུག
ལོ་གཉིས་ཀྱི་གོང་། རྒྱ་ནག་སྤྱི་བདེ་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་རང་ལོ་༦༤ལ་སླེབས་པའི་མེང་ཧོང་ཝེ་(Interpol)སྟེ། རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་ལ་བསྐོ་གཞག་བྱུང་བར་། རྒྱལ་སྤྱིའི་ཐོག་རྒྱ་ནག་རང་ཉིད་ལ་ཆེས་མཐོང་ཆེན་པོ་ཞིག་ཐོབ་པར་ངོས་འཛིན་གྱིས། རྒྱ་ནག་གིས་སྤོབས་པ་ཆེན་པོ་བྱས་ཡོད་པ་རེད།
འོན་ཀྱང་ཟླ་བ་སྔོན་མར། ཁོང་རྒྱལ་སྤྱིའི་ཉེན་རྟོག་ལས་ཁུངས་རྟེན་གཞི་བྱ་ཡུལ་ཧྥ་རན་སི་(France)རྒྱལ་ཁབ་ནས་རྒྱ་ནག་ལ་ཕྱོགས་བསྐྱོད་རྗེས། གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། (France)གཞུང་གིས། ཁོང་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་ལ་དྲི་རྩད་བྱས་འགོ་བཙུགས་སྐབས། གཞི་ནས་རྒྱ་ནག་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱིས་རེས་གཟའ་ཉི་མའི་ཉིན། ཁོང་ལ་ལྐོག་ཟའི་དོན་རྐྱེན་ནང་ཞིབ་འཇུག་གི་ཆེད་དོ་དམ་བྱེད་བཞིན་ཡོད་པ་ངོས་ལེན་བྱས་ཡོད་པ་རེད།  
རྒྱ་ནག་གཞུང་གིས་ཁོ་པར་ལྐོག་ཟའི་དོན་རྐྱེན་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་པའི་རྗེས་སུ། རྒྱལ་སྤྱིའི་ཉེན་རྟོག་ལས་ཁུངས་ཀྱིས་ཁོང་ནས་རྒྱལ་སྤྱིའི་ཉེན་རྟོག་ལས་ཁུངས་ཀྱི་འགན་འཛིན་ནས་དགོངས་པ་ཞུས་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།
གནས་ཚུལ་ནང་ཐོན་པར་གཞིགས་ན། རྒྱ་ནག་གཞུང་གི་ཉེན་རྟོག་ལས་ཁུངས་ཀྱིས། ཁོང་ནས་ལྐོག་ཟ་བྱས་པ་དང་དམར་ཤོག་ཚོགས་པའི་ཁྲིམས་སྒྲིག་དང་རྒྱབ་འགལ་བྱས་ཡོད་ལུགས་དང་། དེའི་ནང་དམིགས་བསལ་རྒྱ་ནག་གཞུང་གིས་བཙོན་བཅུག་བྱེད་བཞིན་པའི་ཉེན་རྟོག་སྤྱི་ཁྱབ་ཀྱི་འགོ་ཁྲིད་ཟུར་པ་(Zhou Yongkang) གི་བྱས་ཉེས་ཁག་དང་འབྲེལ་བ་ཡོད་པ་དང་། རྒྱ་ནག་གི་སྤྱི་དམངས་བདེ་འཇགས་ལྷན་ཁང་གི་དྲ་རྒྱ་ཐོག། ཁོང་ལ་ཆབ་སྲིད་ཀྱི་དོན་རྐྱེན་དང་འབྲེལ་བའི་ནག་ཉེས་ཡོད་པའི་ཞིབ་འཇུག་བྱེད་བཞིན་ཡོད་ལུགས་བཀོད་ཡོད་པ་རེད།

གསར་འགོད་པ་བློ་བཟང་ཡེ་ཤེས།

མཆན། (0)
Share
དྲ་གནས་ཆ་ཚང༌།