༧གོང་ས་མཆོག་གི་ཡང་སྲིད་ཐད་ལངས་ཕྱོཊ་ཁ་གསལ་བཟོ་རྒྱུའི་འབོད་སྐུལ།


2019.05.09
དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཉན་ཞིབ་སྐབས། ༢༠༡༩།༥།༨ དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཉན་ཞིབ་སྐབས། ༢༠༡༩།༥།༨
ICT

རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་འདོད་པ་བཅངས་བཞིན་ཡོད་པ་རེད་ཅེས་༧གོང་ས་མཆོག་གི་ཡོ་རོབ་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུངས་འདུག
ཕྱི་ཟླ་ལྔ་པའི་ཕྱི་ཚེས་༨་ཉིན་ཇར་མན་གྱི་གྲོང་ཁྱེར་(Berlin)དུ། ཇར་མན་གྲོས་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་གོ་སྒྲིག་འོག་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཚོར་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་གི་གནད་དོན་ཐད་ཉན་ཞིབ་གནང་བའི་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡོ་རོབ་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་རྩ་གཏོར་གཏོང་ཐབས་བྱེད་ནས་དེའི་ཚབ་ཏུ་རྒྱ་ནག་གཞུང་གིས་སྟངས་འཛིན་དང་བཀའ་ཁྲོལ་ལྡན་པའི་བོད་པའི་རིག་གཞུང་ཆོས་ལུགས་ཞིག་གཏན་བེབས་བཟོ་ཐབས་བྱེད་བཞིན་ཡོད་པ་གསུངས་འདུག
སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ནི་ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང་ལྷན་དུ་རྒྱ་ནག་གཞུང་དང་འབྲེལ་མོལ་གནང་མཁན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཞིག་ཡིན་པ་རེད།
ཡང་ཇར་མན་གྲོས་ཚོགས་ཀྱི་ཉན་ཞིབ་དེའི་ཐོག་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། རྒྱ་ནག་གཞུང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་བའི་དབང་ཚད་རྩ་བ་ནས་མེད་པ་གསལ་བཤད་གནང་ཞིང་། ཁོང་གིས་ཇར་མན་གྱི་སྲིད་དོན་པ་ཚོས་རྒྱ་ནག་གཞུང་གིས་བསྐོ་བཞག་བྱེད་པའི་ཏཱ་ལའི་བླ་མ་ཞིག་ལ་ངོས་ལེན་རྩ་བ་བྱེད་རྒྱུ་མིན་པའི་ལངས་ཕྱོགས་གསལ་པོ་བཟོ་དགོས་པའི་སློབ་སྟོན་དང་འབོད་སྐུལ་གནང་འདུག་ལ། སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཇར་མན་གཞུང་གིས་གནད་དོན་འདིའི་ཐད་ལངས་ཕྱོགས་གསལ་པོ་དགོས་པ་ནི་ཧ་ཅང་གི་གལ་ཆེའི་རང་བཞིན་ཞིག་ཡིན་པ་གསུངས་ཤིང་། ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ནི་རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པའི་ཤུགས་རྐྱེན་མེད་པའི་རང་དབང་གྱི་ཁོར་ཡུག་ཞིག་གི་འོག་བོད་མིའི་ཆོས་ལུགས་ཀྱི་སྒྲིག་འཛུགས་ཁོ་ནས་ཐག་གཅོད་དགོས་པ་ཞིག་ཡིན་པ་གསལ་བཤད་གནང་ཡོད་པ་རེད།
ད་དུང་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བཞིན་པར་ཇར་མན་གཞུང་གི་ལས་ཀྱི་སྣེ་མོ་བ་ཚོས་དོ་འཁུར་གྱིས་རྒྱ་ནག་གཞུང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་སླར་གསོ་དགོས་པའི་འབོད་སྐུལ་གནང་དགོས་པ་གསུངས་འདུག
ཕྱོགས་མཚུངས་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། བོད་ནང་ཤར་ཏུར་ཀིསྀ་ཐན་ཐོག་བཟུང་བཞིན་པའི་རྒྱ་ནག་གི་སྲིད་བྱུས་དེ་དག་ནི་རྒྱལ་སྤྱིའི་ཁྲིམས་དོན་ཁག་དང་ཡོངས་སུ་འགལ་བ་ཞིག་ཡིན་པ་དང་། གནད་དོན་འདི་དག་ལ་ཇར་མན་གཞུང་གིས་དམིགས་བསལ་ཐུགས་འཁུར་གནང་བའི་ཐོག། རྒྱ་ནག་གཞུང་དང་ཕན་ཚུན་འབྲེལ་བ་གནང་སྐབས་གནད་དོན་འདི་དག་འགག་རྩའི་གྲས་སུ་ངོས་འཛིན་གྱིས་གྲོས་གཞིའི་ཁོངས་སུ་འཇོག་དགོས་པའི་སྐུལ་མ་ཡང་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎