སྤྱི་འཐུས་སྐུ་ཚབ་ཁག་ཅིག་ཡོ་རོབ་ལ་ཕྱོགས་ཐོན།


2013-11-04
Share
ཕྱི་རྒྱལ་གཞུང་ཚབ་ཁབ་ཏུ་བོད་དོན་ཞུ་གཏུག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག།
ཨེ་ཨེཕ་པི།

བོད་མི་དམངས་སྤྱི་འཐུས་ལྷན་ཁང་གི་སྐུ་ཚབ་འཐུས་མི་ཁག་ཅིག་ཡོ་རོབ་ཁུལ་དུ་བོད་དོན་ངོ་སྤྲོད་དང་བོད་དོན་ཐོག་རྒྱབ་སྐྱོར་འཚོལ་ཐབས་གནང་བར་ཕེབས་ཡོད་པ་རེད།

དེ་ཡད་གནས་ཚུལ་ལྟར་ན། སྐུ་ཚབ་འཐུས་མིའི་ཁོངས་སུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྒྲོལ་མ་ཚེ་རིང་ལགས། ཨ་འབྲུག་ཚེ་བརྟན་ལགས། སྨན་པ་མཁྱེར་རབ་ལགས།

སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་བཅས་སྤྱི་འཐུས་ལྔ་ཡོད་ཅིང་། ཁོང་རྣམས་ཀྱིས་ཕྱི་ཟླ་༡༡་ཚེས་༣ ནས་ཚེས་༢༤ བར་ཉིན་གྲངས་ཉི་ཤུ་རྩ་གྲངས་རིང་ཡོ་རོབ་ཁུལ་དུ་ཕེབས་ཏེ། དེའི་ཁུལ་དུ་ཡོད་པའི་ཡོ་རོབ་གྲོས་ཚོགས་དང་། འཛིན་སྐྱོང་གི་ལས་ཁུངས་ཁག་ཅིག ཡང་བྷེལ་ཇེམ་དང་། དབྱིན་ཡུལ་སོགས་རྒྱལ་ཁབ་ཁག་ལྔའི་ནང་བོད་དོན་ངོ་སྤྲོད་དང་རྒྱབ་སྐྱོར་འཚོལ་ཐབས་གནང་རྒྱུ་ཡིན་པ་རེད།

བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་སྤྱི་འཐུས་ཀྱི་ལས་འགན་ཆ་བགོས་གནང་བ་བཞིན། བཀའ་ཤག་གི་ཐོག་ནས་ཕྱིའི་རྒྱལ་ཁབ་ཁག་གི་འཛིན་སྐྱོང་དཔོན་རིགས་སོགས་དང་མཇལ་འཕྲད་ཞུ་རྒྱུའི་ཐུགས་འགན་རྐང་བཞེས་གནང་བཞིན་པ་དང་། བོད་མི་དམངས་སྤྱི་འཐུས་ལྷན་ཁང་གི་ཐོག་ནས་ཕྱིའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་ཞུས་ཏེ། བོད་ཀྱི་གནད་དོན་ངོ་སྤྲོད་ཞུ་རྒྱུ་སོགས་ཀྱི་ཐུགས་འགན་བཞེས་བཞིན་ཡོད་པ་ལྟར་ད་རེས་སྐུ་ཚབ་རྣམས་ཡོ་རབ་རྒྱལ་ཁབ་ཁག་ལྔ་དང་། ཡོ་རོབ་གྲོས་ཚོགས་ནང་གི་གྲོས་ཚོགས་འཐུས་མི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྣམས་དང་མཇལ་འཕྲད་ཞུས་ཏེ་ད་ལྟའི་བོད་ནང་གི་ཡ་ང་བའི་གནས་སྟངས་རྣམས་ངོ་སྤྲོད་ཞུས་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་དེ་བཞིན་མཚམས་འཇོག་ཡོང་ཐབས་ལ་གཞུང་སོ་སོའི་ཐོག་ནས་རྒྱབ་སྐྱོར་དང་རོགས་རམ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང་། ད་དུང་རྒྱལ་ཁབ་དེ་དག་གི་ཕྱི་སྲིད་ལྷན་ཁང་ཁག་ལ་བོད་དོན་སྐོར་གྱི་ཡིག་ཆ་འབུལ་ལམ་ཞུ་རྒྱུའི་འཆར་གཞི་ཡོད་པ་རེད།

གསར་འགོདཔ། ཉི་མ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།