བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་ཚེས་༡༧ཉིན་རྒྱབ་བར་སྐོར་ནང་མེ་སྐྱོན་གྱི་གནས་ཚུལ་བྱུང་ཡོད་པ།


2018.02.17
བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་ཚེས་༡༧ཉིན་རྒྱབ་བར་སྐོར་ནང་མེ་སྐྱོན་གྱི་གནས་ཚུལ་བྱུང་ཡོད་པ། བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་ཚེས་༡༧ཉིན་རྒྱབ་བར་སྐོར་ནང་མེ་སྐྱོན་གྱི་གནས་ཚུལ་ཞིག་བྱུང་འདུག
བོད་ནས་འབྱོར་བ།

༄༅།།བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་ཚེས་༡༧ཉིན་རྒྱབ་བར་སྐོར་ནང་མེ་སྐྱོན་གྱི་གནས་ཚུལ་ཞིག་བྱུང་འདུག      སྤྱི་ཚོགས་དྲ་རྒྱའི་ནང་འདྲ་པར་དང་བརྙན་པར་མང་པོ་ཐོན་བཞིན་པ་ལྟར།   འགའ་རེས་གཙུག་ལག་ཁང་དུ་མེ་སྐྱོན་བྱུང་ལུགས་བརྗོད་ཀྱི་ཡོད་ན་ཡང་གནས་ཚུལ་ཁ་གསལ་མེད་པ་དང་།    བརྙན་པར་མང་པོ་རྒྱང་ནས་བླངས་པར་བརྟེན་ལྷ་ལྡན་གཙུག་ལག་ཁང་གི་ཕྱོགས་སུ་ཡིན་པ་ལས་ས་གནས་ངེས་གཏན་ད་ལྟ་ཤེས་རྟོག་ཐུབ་ཀྱི་མིན་འདུག    འདི་ག་རླུང་འཕྲིན་ཁང་ནས་ལྷ་སར་རྩད་གཅོད་བྱས་སྐབས་མེ་སྐྱོན་བྱུང་མ་ཐག་གཙུག་ལག་ཁང་གི་གཡས་གཡོན་ཉེན་རྟོག་པས་བཀག་སྡོམ་བྱས་ནས་གནས་ཚུལ་དངོས་བྱུང་ཤེས་རྟོགས་དཀའ་བ་དང་།  མེ་སྐྱོན་ཐོག་མར་འབྱུང་ཁུང་འདྲ་མིན་གསུངས་མཁན་འདུག་ཅིང་།  སྤྱི་ཚོགས་དྲ་རྒྱའི་ཐོག་བརྗོད་པའི་ནང་ གཙུག་ལག་ཁང་གི་སྐུ་རྒྱབ་ཀྱི་རྨེའུ་རུ་རྙིང་པའི་འཁྲིས་ཀྱི་མ་ཎི་ལྷ་ཁང་དུ་མེ་སྐྱོན་ཐོག་མ་བྱུང་བར་བརྗོད་ཀྱི་འདུག  ཡང་ཁག་ཅིག་གིས་གཙུག་ལག་ཁང་གི་སྐུ་རྒྱབ་ཀྱི་སྒོ་ར་ཆུང་ཆུང་དེར་མེ་འབར་གསུངས་ཀྱི་འདུག་ཅིང་།  དེ་ནི་གཙུག་ལག་ཁང་གི་དགེ་འདུན་པའི་གྲྭ་ཤག་ཡིན་པར་གསུངས་མཁན་འདུག  འདི་ནས་གནས་ཚུལ་རྩད་གཅོད་ཀྱིས་ཤེས་རྟོགས་བྱུང་བའི་ནང་།  མེ་སྐྱོན་ཐོག་མ་གཙུག་ལག་ཁང་གི་ལྷ་མོ་དྲག་མོ་ཁང་ནས་བྱུང་བའི་སྐོར་གསུངས་འདུག   ཡང་རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དྲ་ཚིགས་ཤིག་གི་ཐོག་བརྗོད་པར་གཞིགས་ན།  སྤྱི་ཟླ་གཉིས་པའི་ཚེས་༡༧ཉིན་གྱི་དགོང་དྲོ་ཚོུད་དྲུག་དང་སྐར་མ་བཞི་བཅུའི་ཐོག་ལྷ་ལྡན་གཙུག་ལག་ཁང་གི་ཕྱོགས་གཅིག་ལ་མེ་སྐྱོན་བྱུང་བ་དང་།  ལམ་སེང་མེ་གསོད་ལས་དོན་སྤེལ་བ་བརྒྱུད་མི་ལ་གནོད་འཚེ་བྱུང་མེད་པའི་ཐོག་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་དབྱིང་ཇེའི་ལམ་སེང་མེ་སྐྱོན་བྱུང་སར་འབྱོར་ནས་ལས་དོན་བཀོད་སྒྲིག་བྱས་པ་རེད་ཅེས་བཀོད་ཡོད་འདུག     ད་ལྟ་མེ་གསོད་ཐུབ་ཡོད་ན་ཡང་མི་དང་དངོས་རྫས་ལ་གནོད་འཚེ་ཇི་ཙམ་བྱུང་མིན་གསལ་པོ་མེད་པ་དང་གཙུག་ལག་ཁང་ནང་རྩ་ཆེའི་སྐུ་གསུང་ཐུགས་རྟེན་མང་པོ་ཡོད་པས། བོད་མི་ཚོས་སེམས་འཚབ་ཆེན་པོ་བྱེད་བཞིན་འདུག   གཙུག་ལག་ཁང་ལ་དངོས་སུ་མེ་སྐྱོན་བྱུང་ཡོད་མེད་དང་གནོད་སྐྱོིན་ཆེ་ཆུང་ཇི་ཙམ་བྱུང་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་མུ་མཐུད་རྩད་གཅོད་ཞུ་བཞིན་ཡོད།།
གསར་འགོད་པ་སྒྲོལ་དཀར་དང་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎