རྒྱ་ནག་ཉེན་རྟོག་པས་བོད་མི་ཞིག་དམར་བསད་བཏང་ཡོད་པ།

བོད་ཀྱི་ཁམས་བྲག་མགོ་ནང་གྲྭ་ཕུན་ཚོགས་རབ་བརྟན་ཞུས་པ་ཞིག་རྒྱ་ནག་གི་ཉེན་རྟོག་དམག་མིས་ཉེས་རྡུང་བཏང་ནས་ཤི་སྐྱོན་བྱུང་འདུག

2009-03-30
Share

༄༅༎བོད་ཀྱི་ཁམས་བྲག་མགོ་ནང་དུ་ཡོད་པའི་བྲག་མགོ་དགོན་པའི་གྲྭ་ཕུན་ཚོགས་རབ་བརྟན་ཞུས་པ་ཞིག་རྒྱ་ནག་གི་ཉེན་རྟོག་དམག་མིས་ཉེས་རྡུང་བཏང་ནས་ཤི་སྐྱོན་བྱུང་བའི་གནས་ཚུལ་བྱུང་འདུག

དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་མཁན་རྣམས་ཀྱིས་གསུངས་དོན་ལྟར་ན་བོད་ཀྱི་ཁམས་བྲག་ས་ཁུལ་དུ་བོད་རིགས་རྣམས་ཀྱིས་རྒྱ་ནག་གིས་བོད་མིའི་ཐོག་དྲག་གནོན་དང་ལྷག་དོན་དུ་འདས་པའི་ལོའི་ནང་བོད་མི་མང་པོ་ཞིག་ཤི་སྐྱོན་བྱུང་བར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་ཞིང་ཁ་འདེབས་མ་བྱས་པའི་ཐོག་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་འགྲོ་བཞིན་ཡིན་པའི་སྐབས་ཁམས་བྲག་མགོ་དུ་གནས་པའི་བྲག་མགོ་དགོན་པའི་གྲྭ་ཕུན་ཚོགས་རབ་བརྟན་ཞུས་པ་ཞིག་ཕྱི་ཟླ་གསུམ་པའི་ཕྱི་ཚེས་ཉི་ཤུ་ལྔ་ཉིན་རྒྱ་ནག་གི་ཉེན་རྟོག་དམག་མི་འབོར་ཆེན་ཞིག་གིས་ལྦ་མདའ་ཟེར་བའི་ས་གནས་སུ་འཛིན་བཟུང་བྱས་པ་དང་ས་གནས་དེ་ཉིད་དུ་ལྕགས་རྒྱུག་དང་གློག་རྒྱུག་སོགས་ཀྱི་ཉེས་རྡུང་ཚད་མེད་དུ་བཏང་བའི་ཤུགས་རྐྱེན་འོག་ཤི་སྐྱོན་བྱུང་བ་དང་གནས་ཚུལ་དེ་ཕྱི་རྒྱར་མ་འགྲོ་བའི་ཆེད་དུ་ཁོང་གི་ཕུང་པོ་དེ་ཉེ་འཁོར་དུ་ཡོད་པའི་བྲག་རི་གཅིག་སྟེང་དུ་དབྱུགས་པའི་གནས་ཚུལ་བྱུང་འདུག ཁོང་གི་དགོན་པའི་དགེ་འདུན་པ་རྣམས་དང་ས་གནས་ཀྱི་བོད་མི་རྣམས་ཀྱིས་ཁོང་གི་ཕུང་པོ་དེ་ཉིན་རྗེས་མར་རྙེད་སོན་བྱུང་བའི་སྐབས་ས་གནས་ཀྱི་ཉེན་རྟོག་ལས་ཁང་དུ་ཕྱིན་ནས་འགྲེལ་བཤད་དགོས་པའི་དགོས་འདུན་བཏོན་པའི་སྐབས་དམར་བསད་བཏང་བའི་གནད་དོན་དེ་ངོས་ལེན་བྱས་མི་འདུག བོད་རིགས་དགེ་འདུན་པ་རྣམས་དང་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་གྲ་སྒྲིག་གནང་བའི་སྐོར་དགོན་པའི་ལས་བྱེད་རྒན་པ་རྣམས་ཀྱིས་བཀའ་སྡོམ་གནང་ཡོད་པ་རེད་འདུག རོའུ་ཊར་གསར་སྤེལ་ཁང་གིས་ས་གནས་སུ་འབྲེལ་བ་བྱས་སྐབས་བྲག་མགོ་སྨན་ཁང་གི་ལས་བྱེད་ཅིག་གིས་འདས་གྲོངས་སུ་ཕྱིན་པའི་གྲྭ་ཕུན་ཚོགས་རབ་བརྟན་གྱིས་ཞིང་པ་རྣམས་ཀྱི་ཞིང་ལས་བྱ་རྒྱུ་མིན་པའི་ལས་འགུལ་ལ་བརྒྱུད་བསྐུལ་བྱས་པའི་འགྲེལ་བརྗོད་བྱས་འདུག འདི་ག་རླུང་འཕྲིན་ཁང་ནས་བྲག་མགོ་ཉེན་རྟོག་ལས་ཁང་དུ་འབྲེལ་བ་བྱས་དུས་གནས་ཚུལ་དེ་ཚོ་དཀྲོག་གཏམ་ཡིན་པ་དང་ཞིང་པ་རྣམས་ཀྱི་ཞིང་ལས་མ་བྱས་ནས་ག་རེ་ཟ་དགོས་རེད་ཅེས་ལན་འདེབས་བྱས་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།