བསྟན་པ་བཟོད་པ་ལགས་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

གཞུང་ཞབས་ཟུར་པ་བསྟན་པ་བཟོད་པ་ལགས་ཚེས་༡༣ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག

2011-12-14
Share
༄༅༎བོད་གཞུང་གི་གཞུང་ཞབས་ཟུར་པ་དགུང་གྲངས་༧༨་ཕེབས་པ་སྐུ་ངོས་བསྟན་པ་ བཟོད་པ་ལགས་འདི་ཟླའི་ཚེས་༡༣་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་སྐུ་ ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག སྐུ་ངོས་ཞིང་བཤེགས་བསྟན་པ་བཟོད་པ་ལགས་ནི་ཕྱི་ལོ་༡༩༣༣་ལོར་ལྷ་སའི་ཉེ་འཁྲིས་སུ་ཡོད་པའི་སྟག་ རྩེ་རྫོང་དུ་འཁྲུངས་པ་དང་དེ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཕེབས་ནས་དགོན་པར་ཞུགས་ནང་ ཆོས་གསན་བསམ་གནང་བ་དང་དགུང་གྲངས་༡༩་ཕེབས་སྐབས་རྩེ་དྲུང་གནང་སྟེ་བོད་གཞུང་ དགའ་ལྡན་ཕོ་བྲང་ནང་ཕྱག་ལས་གནང་འགོ་བཙུགས་གནང་འདུག  བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ ལོ་༡༩༥༤་ལོར་རྒྱ་ནག་གི་རྒྱལ་ས་བེ་ཅིང་ནང་ཆིབས་བསྒྱུར་ཐོག་མ་དེ་མཛད་སྐབས་ ཆིབས་ཞབས་པའི་ཐོག་གཟིགས་ཞིབ་གནང་འདུག ཕྱི་ལོ་༡༩༥༩་ལོའི་ཕྱི་ཟླ་གསུམ་པའི་ནང་ཁོང་གི་ནོར་བུ་གླིང་ཁའི་རྒྱལ་འགོ་ གསེར་པོར་སྐུ་སྲུང་གི་ཐུགས་འགན་བཞེས་པ་དང་སྐབས་དེའི་ཆབ་སྲིད་ཀྱི་ལས་འགུལ་ ཁག་ནང་མཉམ་བཞུགས་གནང་བ་མ་ཟད་ ཕྱི་ལོ་༡༩༥༩་ལོའི་ཕྱི་ཟླ་༣་ཚེས་༡༧་དགོང་དྲོར་༧གོང་ས་མཆོག་རྒྱལ་ས་ལྷ་ས་ནས་ ཕེབས་འཐོན་ལམ་ལྷོང་ལྡན་པའི་སྒོ་ནས་གོ་སྒྲིག་ཞུས་པའི་རྗེས་སུ་ཁོང་ནོར་བུ་ གླིང་ཁར་ཕྱིར་ལོག་གནང་འདུག དེ་རྗེས་བོད་མིའི་རང་དབང་སྒེར་ལངས་སྐབས་སུ་ཁོང་གིས་རྒྱ་མིའི་དམག་མིར་རྒོལ་ འཛིངས་གནང་སྐབས་རྨས་སྐྱོན་འཕོག་ནས་རྒྱ་མིས་འཛིན་བཟུང་གིས་ངལ་རྩོལ་བསྒྱུར་ བཀོས་ར་བའི་ནང་བཅུག་པར་དཀའ་སྡུག་ཆེན་པོ་མྱང་པ་མ་ཟད་ ལོ་༢༠་རིང་རྒྱ་མིའི་བཙོན་ཁང་ནང་བཙོན་འཇུག་ཞུས་འདུག ཕྱི་ལོ་༡༩༧༩་ལོར་ཁོང་གིས་བཙོན་དུས་གཙང་ནས་གློད་བཀྲོལ་ཐོབ་པ་དང་ཕྱི་ལོ་༡༩༨༠་ ལོར་རྒྱ་གར་ལ་ཕེབས་ནས་༧གོང་ས་མཆོག་གི་མཇལ་ཁ་ཐོབ་འདུག སྐུ་ངོས་བསྟན་པ་བཟོད་པ་དམ་པ་དེས་ཕྱི་ལོ་༡༩༨༡་ལོའི་ཕྱི་ཟླ་༦་ཚེས་༡་ནས་དང་པོ་ ཐོག་མར་རྒྱ་གར་ལྷོ་ཕྱོགས་མོན་ག་འདོད་དགུ་གླིང་གཞིས་སྒར་གྱི་དྲུང་གཞོན་ནས་ གཞི་སྒོ་གནང་ དེ་ནས་བོད་གཞུང་ནང་སྲིད་ལས་ཁུངས་ནང་བཅས་གང་ལྟར་ལོ་༡༤་རིང་བཙན་བྱོལ་བོད་ གཞུང་གི་ཞབས་ཞུ་གང་ལེགས་གནང་བའི་རྗེས་སུ་ཕྱི་ལོ་༡༩༩༥་ལོའི་ཕྱི་ཟླ་༧་ཚེས་༡་ ཉིན་རྒན་ཡོལ་ལ་ཞུགས་ཀྱང་སྐུ་སྒེར་ཡིག་ཚང་ལ་ཕྱག་ལས་མུ་མཐུད་གནང་འདུག དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་༧གོང་ས་མཆོག་གི་སྐུ་ཕྱ་དང་བོད་ཀྱི་བདེན་དོན་ ཆེད་སྲིད་ཞུ་བ་ཀུན་གླིང་བསྟན་པ་བཟོད་པ་ལགས་སྐུ་ཚེ་མ་པ་དེར་ཐུགས་ཕམ་ཆེན་པོ་ བྱུང་སྐོར་བཀའ་གནང་ཡོད་པའི་གནས་ཚུལ་འདུག།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།