པེ་ཅིན་ནས་ཨེ་པི་གསར་འགོད་པ་ཞིག་གིས་གསར་འགོད་པའི་རང་དབང་དང་བོད་ཀྱི་གསོལ་མགྲོན་ཁང་ནང་གི་མྱོང་ཚོར་སྐོར་གནས་ཚུལ་སྤེལ་ཡོད་པ།

2022.02.12
Share on WhatsApp
Share on WhatsApp
པེ་ཅིན་ནས་ཨེ་པི་གསར་འགོད་པ་ཞིག་གིས་གསར་འགོད་པའི་རང་དབང་དང་བོད་ཀྱི་གསོལ་མགྲོན་ཁང་ནང་གི་མྱོང་ཚོར་སྐོར་གནས་ཚུལ་སྤེལ་ཡོད་པ། པེ་ཅིན་བོད་ཀྱི་གསོལ་མགྲོན་ཁང་།
ཨེ་པི།

པེ་ཅིན་དགུན་དུས་རྒྱལ་སྤྱིའི་ཨོ་ལོམ་པིཀསི་རྩེད་འགྲན་རིང་རྒྱལ་སྤྱིའི་གསར་འགོད་པ་རྣམས་གནས་སྡོད་བྱེད་ས་དང་འགྲོ་འོང་སོགས་རྒྱ་ནག་གཞུང་ཕྱོགས་ནས་གཅིག་འགྱུར་བཀོད་སྒྲིག་བྱས་པ་ལས་རང་མོས་ཀྱི་འགྲོ་འོང་མེད་པའི་སྐོར་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
པེ་ཅིན་ནང་དགུན་དུས་ཨོ་ལོམ་པིཀསི་རྩེད་འགྲན་སྤེལ་བཞིན་པ་དང་འབྲེལ་རྒྱལ་སྤྱིའི་གསར་འགོད་པ་མི་ཉུང་བ་ཞིག་ལ་ཨོ་ལོམ་པིཀསི་རྩེད་འགྲན་དང་འབྲེལ་བའི་གནས་ཚུལ་བཀོད་སྤེལ་ཆེད་རྒྱ་ནག་ནང་བསླེབས་ཡོད་པ་དང་། དེའི་གྲས་སུ་ཨ་རིའི་ཨེ་པི་གསར་འགྱུར་ལས་ཁང་གི་གསར་འགོད་པ་ Kelvin Chan་ཡང་ཡོད་པ་དང་། ཁོང་གིས་པེ་ཅིན་གྱི་ཉིན་དེབ་ཟེར་བའི་གནས་ཚུལ་ཞིག་ཕྱི་ཚེས་༡༢ཉིན་སྤེལ་ཡོད་པའི་ནང་། པེ་ཅིན་ ཨོ་ལོམ་པིཀསི་རྩེད་འགྲན་གྱི་གནས་ཚུལ་བཀོད་སྤེལ་བྱེད་མཁན་རྒྱལ་སྤྱིའི་གསར་འགོད་པ་ཚོ་རྒྱ་ནག་གཞུང་ཕྱོགས་ནས་གཅིག་འགྱུར་གྱི་སྡོད་ས་བཀོད་སྒྲིག་བྱས་ནས་ཕྱི་ཕྱོགས་དང་འབྲེལ་བ་བྱ་ཐབས་མེད་པའི་གནས་སྟངས་སྐོར་བརྗོད་ཡོད་པ་དང་། ཁོང་གིས་ཁོང་རང་ཉིད་བོད་ལ་བསྐྱོད་མྱོང་མེད་པར་བརྟེན་ནས་བོད་ལ་ཧ་ཅང་བསྐྱོད་འདོད་ཆེན་པོ་ཡོད་ན་ཡང་བསྐྱོད་ཐབས་བྲལ་བའི་སྐབས་འདིར། སྟབས་ལེགས་པ་ཞིག་ལ་གསར་འགོད་པ་ཁག་གཅིག་སྡོད་གནས་པེ་ཅིན་ནང་ཡོད་པའི་པེ་ཅིན་བོད་ཀྱི་གསོལ་མགྲོན་ཁང་ཞེས་པར་བཀོད་སྒྲིག་བྱས་ཡོད་པ་བཞིན་ཁོང་མགྲོན་ཁང་དེའི་ནང་གནས་སྡོད་བྱེད་བཞིན་པ་དང་། གསོལ་མགྲོན་ཁང་དེའི་ཕྱིའི་འཛུགས་སྐྲུན་དང་ནང་གི་སྒྲིག་ཆས་སོགས་བོད་ལུགས་ཀྱི་སྲོལ་རྒྱུན་དབྱིབས་བཀོད་འཆར་འགོད་་བྱས་ཡོད་ནའང་གསོལ་སྒྲོན་ཁང་དེའི་ནང་བོད་མི་ཚོས་དད་གུས་ཆེན་པོ་ཞུ་སའི་༧གོང་ས་ཏ་ལའི་བླ་མ་མཆོག་གི་སྐུ་པར་མཐོང་རྒྱུ་མེད་པར། དེའི་ཚབ་ཏུ་ཞི་ཅིན་ཕིང་གི་དྲ་པར་ཆེན་པོ་ཞིག་མཐོང་རྒྱུ་ཡོད་ཅིང་། དེ་བཞིན་མགྲོན་ཁང་གི་བར་ཤུར་དུ་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པའི་རྗེས་བོད་ལ་གནམ་ས་བླ་འོག་གི་འགྱུར་ལྡོག་ཕྱིན་ཡོད་ལུགས་དང་། བོད་དེ་བཞིན་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་ནང་བསླེབས་ཡོད་ཟེར་བའི་རི་མོའི་མགྲེམས་སྟོན་ཞིག་བཀལ་ཡོད་པ་སོགས་ཞིབ་ཕྲ་ངོ་སྤྲོད་གནང་འདུག་ལ། ད་དུང་ཨེ་པི་གསར་འགྱུར་ལས་ཁང་གི་གསར་འགོད་པ་Kelvin Chanགྱིས་གསོལ་མགྲོན་ཁང་དེའི་ནང་ལས་ཀ་བྱེད་མཁན་བོད་རིགས་ཁག་གཅིག་དང་སྐད་ཆ་བཤད་པའི་སྐབས་མགྲོན་ཁང་གི་འགན་འཛིན་ནས་དྲི་བ་ཡོད་ཚེ་ཁོང་ལ་སྐད་ཆ་དྲི་དགོས་པ་ལས་གང་བྱུང་གཞན་ལ་སྐད་ཆ་དྲི་མི་མཆོག་པའི་ཉེན་བརྡ་བཏང་ཡོད་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎