བོད་མི་སློབ་དགེ་ཁག་ཅིག་ལ་དམིགས་བསལ་ཟབ་སྦྱོང༌།
2011.11.03
༄༅༎དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ རྒྱ་གར་ནང་གཞི་རིམ་འོག་མའི་སློབ་དགེ་ཁག་ཅིག་ལ་ དམིགས་བསལ་ཤེས་ཡོན་གྱི་ཟབ་སྦྱོང་ཐེངས་གཉིས་པ་གོ་སྒྲིགས་ཞུ་བཞིན་ཡོད་འདུག་༎
བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་དོན་གཞིགས་ན་ དབུས་བོད་མིའི་སྒྲིགས་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིགས་འོག་ཕྱི་ཟླ་ ཟླ་༡༠ཚེས་༣༡ ནས་ཟླ་ ༡༡ ཚེས་ ༥ བར་ ཉིན་གྲངས་དྲུག་རིང་ ས་རཱ་རིག་གནས་མཐོ་སློབ་ཁང་དུ་རྡ་སྟེང་བོད་ཁྱིམ་དང་ མ་སུ་རི་བོད་ཁྱིམ་ སམ་བྷོ་ཊ་སློབ་གྲྭ་ བལ་ཡུལ་གངས་ཅན་བདེ་རྩའི་སློབ་གྲྭ་བཅས་ཀྱི་གཞི་རིམ་འོག་མའི་སློབ་དགེ་གྲངས་ ༢༦ ལ་ དམིགས་བསལ་ཤེས་ཡོན་གྱི་ཟབ་སྦྱོང་དབུ་འཛུགས་གནང་ཡོད་པ་རེད་ ད་རེས་ཀྱི་ཟབ་སྦྱོང་འདིའི་ཐོག ཟབ་སྦྱོང་བ་རྣམས་ལ་ ཤེས་རིག་ལས་ཁུངས་ཀྱི་དམིགས་བསལ་ཤེས་ཡོན་འགན་འཛིན་ བསྟན་འཛིན་དཔལ་སྒྲོན་ལགས་དང་ རྒྱ་གར་རྡེ་ར་རྡུན་དུ་རྟེན་གཞི་བྱས་པའི་ལ་ཏི་ཀ་རོའེ་དགེ་རྩ་ཚོགས་པ་ནས་ཆེད་མངགས་གདན་ཞུ་བྱས་པའི་ལྕམ་སྐུ་མན་ཇུ་སིང་ག་ནི་ཡ་རྣམ་གཉིས་ནས་འཛམ་གླིང་ཁྱོན་ཡོངས་ཀྱི་སློབ་གྲྭ་ཁག་ནང་ དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ལ་ ཤེས་ཡོན་སློབ་གསོའི་ལྟ་སྐྱོང་གནང་སྟངས་དང་ ལྷག་པར་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ སློབ་ཕྲུག་དཀྱུས་མའི་མཉམ་ ཤེས་ཡོན་སློབ་ཁྲིད་གཟིགས་སྐྱོང་གནང་སྟངས་དང་ དེ་བཞིན་སློབ་ཁྲིད་བྱེད་སྐབས་ དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ལ་འཕྲད་པའི་དཀའ་ངལ་དེ་དག་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མེད་སྐོར་གྱི་གོ་རྟོག་སྤེལ་གནང་བཞིན་ཡོད་པ་རེད་ གནས་ཚུལ་ནང་མུ་མཐུད་བཀོད་པར་ སྤྱིར་བཏང་ཤེས་རིག་ལས་ཁུངས་ནས་དགེ་རྒན་དང་སློབ་གྲྭའི་འགན་འཛིན་རྣམས་ལ་ དམིགས་བསལ་ཤེས་ཡོན་གྱི་ཟབ་སྦྱོང་དུས་ནས་དུས་སུ་གོ་སྒྲིག་ཞུས་དང་ཞུ་བཞིན་ཡོད་པ་དང་ སློབ་དགེ་རྣམས་ལ་ཟབ་སྦྱོང་ཐེངས་དང་པོ་ཕྱི་ལོ་ ༢༠༠༥ ལོར་གནང་ཡོད་པ་དང་ ད་རེས་ཀྱི་ཟབ་སྦྱོང་ཐེངས་གཉིས་པ་འདི་བཞིན་ཌེན་མཀ་ནང་ཡོད་པའི་ཌ་ནི་ཌ་(DANIDA)རོགས་ཚོགས་ཀྱིས་རོགས་སྐྱོར་གནང་ཡོད་པ་བཅས་གསལ་འདོན་གནང་བཞག་།།









