ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གི་སྲིད་ཇུས་ལ་སྐྱོན་བརྗོད་གནང་འདུག


2018.09.25
ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལྕམ་ ཁིརིསྀ་ཊི་ཡ་ ཧྥརཱི་ལེནཌ་ (Freeland)མཆོག་ཚོགས་འདུ་ཞིག་གི་སྐབས། ༢༠༡༨།༩།༢༢ ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལྕམ་ ཁིརིསྀ་ཊི་ཡ་ ཧྥརཱི་ལེནཌ་ (Freeland)མཆོག་ཚོགས་འདུ་ཞིག་གི་སྐབས། ༢༠༡༨།༩།༢༢
Chrystia Freeland/FB

རྒྱ་ནག་གཞུང་གིས་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་བོད་ནང་བསྐྱོད་རྒྱུར་དམ་བསྒྲགས་མུ་མཐུད་བྱེད་བཞིན་པར་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་མཆོག་གིས་སྐྱོན་བརྗོད་གནང་འདུག
ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལྕམ་ ཁིརིསྀ་ཊི་ཡ་ ཧྥརཱི་ལེནཌ་ (Freeland)མཆོག་གིས་རྒྱ་ནག་གཞུང་གིས་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་བོད་ནང་བསྐྱོད་རྒྱུར་དམ་བསྒྲགས་མུ་མཐུད་བྱེད་བཞིན་ཡོད་པའི་བསྒྲགས་གཏམ་སྤེལ་འདུག
འདི་ལོའི་ཕྱི་ཟླ་དགུ་པའི་ཚེས་༡༧་ཉིན་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གྱི་མཚན་ཐོག་ནས་སྤེལ་གནང་བའི་བསྒྲགས་གཏམ་ནང་། ཕྱི་ལོ་༢༠༡༦ ལོ་ནས་བཟུང་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཁེ་ན་ཌའི་གཞུང་ཚབ་པ་སྐུ་ཞབས་ ཇོན་མེཀ་ཀཱ་ལམ་ (John McCallum) མཆོག་དང་དེ་མིན་གཞུང་ཚབ་ཀྱི་ལས་བྱེད་པ་ཁག་གཅིག་མི་སུ་འདྲ་ཞིག་བོད་དུ་བསྐྱོད་སྐབས་དགོས་ངེས་ཀྱི་འགྲོ་ལུགས་གཞིར་བཟུང་ཁོང་ཡང་བོད་དུ་བསྐྱོད་ཆོག་པའི་རེ་འདུན་ཞུས་ཡོད་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་ཆོག་ཆན་སྤྲད་མེད་པ་གསལ་འདོན་གནང་འདུག
འོན་ཀྱང་དུས་ཡུན་དེའི་རིང་ཁེ་ན་ཌའི་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་གཞུང་འབྲེལ་མི་སྣ་ལ་གྲུབ་པའི་ཚོགས་ཁག་གསུམ་ལ་མཐོང་མཆན་སྤྲད་ཡོད་པ་མ་ཟད། དེ་སྔ་བྱུང་མ་མྱོང་བའི་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་འཐུས་མི་ཁག་ཅིག་ལ་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་དང་རྒྱལ་སྤྱིའི་འཛུགས་སྐྲུན་ཡར་རྒྱས་ཚན་པའི་ནང་ཕྱི་ལོ་༢༠༡༨ ཟླ་ ༥ ཚེས་ ༨ ཉིན་ཁོང་ཚོར་ཉན་ཞིབ་བྱེད་རྒྱུའི་གོ་སྐབས་ཀྱང་སྤྲད་ཡོད་པ་གསུངས་འདུག
ཀེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་འགན་འཛིན་ ཤེས་རབ་མཐར་ཕྱིན་ལགས་ཀྱིས། རྒྱལ་ཁབ་ཕན་ཚུན་དབར་ཕར་འཇལ་ཚུལ་ལེན་གྱི་འགྲོ་ལུགས་ནི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྩ་འཛིན་ལམ་ལུགས་ཤིག་རེད་ཅེས་དང་། འོན་ཀྱང་རྒྱ་ནག་གཞུང་གིས་བོད་དུ་འགྲོ་བསྐྱོད་བཀག་འགོག་བྱེད་པ་བརྒྱུད་ཕར་འཇལ་ཚུར་ལེན་གྱི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་མི་བྱེད་པ་དེས་རང་བཞིན་གྱིས་རྒྱ་ནག་གི་ངོས་ནས་ག་རེ་སྦས་ཐབས་བྱེད་ཀྱི་ཡོད་པའི་དྲི་བ་སླེབས་པ་དེ་རེད་ཅེས་གསུངས་འདུག
ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཁྲིམས་དོན་ཚོགས་ཆུང་གིས་ཨ་རིའི་གཞུང་དང་རྒྱ་ནག་གཞུང་དབར་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་སྟེ།  དེ་རིང་ཕྱི་ཟླ་ ༩ ཚེས་ ༢༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚང་འཛོམས་གྲོས་ཚོགས་ཀྱི་ནང་གནད་དོན་འདིའི་ཐད་བགྲོ་གླེང་ཐོག་འོས་ཤོག་ཡང་འཕེན་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།  ཁྲིམས་འཆར་འདོན་མཁན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ ཇིམ་ མེཀ་སྒོཝཱརན་ Jim McGovern མཆོག་གིས་ཁྲིམས་འཆར་དེར་གྲོས་ཚོགས་ཀྱི་ཚོགས་མི་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོག་གཏན་འབེབས་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་གསུངས་འདུག
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་རྣམས་ཀྱིས་བཏོན་པའི་ཁྲིམས་འཆར་ནང་།  རྒྱ་ནག་གི་མི་སེར་དང་གཞུང་འབྲེལ་མི་སྣ། དེ་བཞིན་གསར་འགོད་པ་སོགས་ཨ་རིའི་ནང་རང་དབང་གི་ཐོག་ནས་འགྲོ་བསྐྱོད་ཐོབ་ཐང་ཡོད་པ་ལྟར། ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། བོད་པ་ཨ་རིའི་མི་སེར་དང་ཨ་རིའི་མི་སེར་ཚོ་བོད་ནང་རང་དབང་ངང་འགྲོ་བསྐྱོད་ཆོག་པའི་ཐོབ་ཐང་གཅིག་མཚུངས་དགོས་པ་གསལ་ཡོད་པ་རེད།


གསར་འགོད་པ་དབྱངས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎