བོད་ནང་འགྲོ་འོང་འདྲ་མཉམ་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོ་བཏོན།


2019.03.20
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ༢༠༡༥ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ༢༠༡༥
Lhuboom/RFA

བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཞི་དང་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོ་བཏོན་པའི་ནང་རྒྱ་ནག་ནས་ཨ་རིར་ཡོང་མཁན་དང་ཨ་རི་ནས་རྒྱ་ནག་ཏུ་འགྲོ་མཁན་གྱི་གྲངས་འབོར་དབར་ཁྱད་པར་ཧ་ཅང་གི་ཆེན་པོ་ཡོད་པ་གསལ་བཏོན་བྱས་འདུག
ཨ་མི་རི་ཀའི་གཞུང་གིས་བོད་དུ་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་ཡིག་གཏན་བེབས་གནང་ནས་ཕྱི་ཟླ་ ༣ ཚེས་ ༡༩ བར་ཉིན་གྲངས་ ༩༠ སོང་སྟབས་ཁྲིམས་དོན་འགྲོ་ལུགས་ཀྱི་ཐོག་ནས་ཨ་རིའི་་ཕྱི་སྲིད་ལྷན་ཁང་གིས་གྲོས་ཚོགས་སུ་ལས་དོན་སྙན་ཞུ་ཞིག་ཕུལ་དགོས་པའི་དུས་འདིར། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཆགས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོ་ཞིག་འདོན་སྤེལ་བྱས་འདུག་པ་དེའི་ནང་། རྒྱ་ནག་གི་ཕྱོགས་ནས་ཕྱི་རྒྱལ་མི་རིགས་བོད་ནང་འགྲོ་རྒྱུར་ཁག་ཏུ་བཏང་བ་དང་མཉམ་དུ་རྒྱ་ནག་གཞུང་གིས་འཛམ་གླིང་རང་བཞིན་གྱི་དྲིལ་བསྒྲགས་ཤུགས་ཆེ་སྤེལ་ནས་བོད་དོན་ཐོག་དམ་དྲག་གི་རྣམ་པ་ཤུགས་ཆེར་མངོན་ཡོད་པ་གསལ་སྟོན་བྱས་ཡོད་ཅིང་། གསར་དུ་བཏོན་པའི་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གཞུང་འབྲེལ་མི་སྣ་དང་། མཁས་པ། གསར་འགོད་པ། དེ་མིན་ཆེད་མཁས་པ་ཚོ་ཁ་ཁུ་སིམ་པོར་མ་བསྡད་ན་བོད་ནང་འགྲོ་མི་ཆོག་པའི་ཉེན་བརྡ་གཏོང་བ་དང་། བོད་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་དཔོན་རིགས་ཚོ་༢༠༡༨ ཀྱི་ལོའི་ནང་ཕྱིའི་རྒྱལ་ཁབ་བཅུ་གཅིག་ལ་གཟིགས་སྐོར་གནང་ཡོད་རུང་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་མི་སྣ་བོད་ནང་བསྐྱོད་པ་ཧ་ཅང་དཀོན་པོ་ཡིན་པ་དང་། ཕྱིའི་རྒྱལ་ཁབ་ཀྱི་མི་རིགས་བོད་རང་སྐྱོང་ལྗོངས་ཀྱི་ནང་ཕྱི་ཟླ་བཞི་བ་བར་བསྐྱོད་མི་ཆོག་པ་བཟོས་པ། རྒྱ་མི་རྣམས་གང་འདོད་ལྟར་བོད་ནང་བསྐྱོད་ཆོག་པའི་གནས་སྐབས་སུ་བོད་མི་ཚོ་བོད་ནང་འགྲུལ་བཞུད་བྱེད་པར་རང་དབང་མེད་པ་དང་། ཕྱིར་བསྐྱོད་ལག་འཁྱེར་སྤྲོད་ཀྱི་མེད་པ་བཅས་གསལ་སྟོན་བྱས་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་གྲོས་ཚོགས་ལ་ཨ་རིའི་མི་སེར་བོད་ནང་ནང་འགྲོ་བཅུག་མིན་གྱི་གནས་སྟངས་སྐོར་སྙན་ཐོ་ཞིག་འབུལ་རྒྱུ་ཡིན་པ་རེ་སྒུག་བྱེད་བཞིན་འདུག་ལ། དེ་བཞིན་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་ ༢༠༡༩ལོའི་ལོ་མཇུག་ཏུ་རྒྱ་ནག་གི་དཔོན་རིགས་སུ་ཨ་རིའི་ནང་ཡོང་མི་ཆོག་པ་བཟོ་རྒྱུའི་ཐོ་གཞུང་ཞིག་ཀྱང་བཏོན་དགོས་ཀྱི་ཡོད་འདུག
གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིས་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཏན་འབེབས་གནང་བ་ཇི་བཞིན་ནུབ་ཕྱོགས་ཡུལ་གྲུ་གཞན་ཁག་གིས་ཀྱང་དེ་ལྟར་གནང་རྒྱུའི་འབོད་བསྐུལ་ཡང་ཞུས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎