རྒྱ་ནག་གཞུང་གིས་ཨེ་ཝེ་ཝེའི་སྒྱུ་རྩལ་ཁང་གཏོར་འདུག

2018-08-07
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གཞུང་གིས་རྒྱལ་ས་པེ་ཅིང་དུ་ཆགས་པའི་རྒྱ་རིགས་སྒྱུ་རྩལ་བ་ཨེ་ཝེ་ཝེ་ལགས་ཀྱི་སྒྱུ་རྩལ་ཁང་གཏོར་བཤིག་སྐབས། ༢༠༡༨།༨།༣
རྒྱ་ནག་གཞུང་གིས་རྒྱལ་ས་པེ་ཅིང་དུ་ཆགས་པའི་རྒྱ་རིགས་སྒྱུ་རྩལ་བ་ཨེ་ཝེ་ཝེ་ལགས་ཀྱི་སྒྱུ་རྩལ་ཁང་གཏོར་བཤིག་སྐབས། ༢༠༡༨།༨།༣
Euronews/youtube

རྒྱ་ནག་གཞུང་གིས་རྒྱལ་ས་པེ་ཅིང་དུ་ཆགས་པའི་རྒྱ་རིགས་སྒྱུ་རྩལ་བ་ཨེ་ཝེ་ཝེ་ལགས་ཀྱི་སྒྱུ་རྩལ་ཁང་གློ་བུར་གཏོར་བཤིག་བཏང་འདུག
དེ་ཡང་ཕྱི་ཟླ་ ༨ ཚེས ༣ ཉིན། རྒྱ་ནག་གཞུང་གིས་རྒྱལ་ས་པེ་ཅིང་དུ་ཆགས་པའི་རྒྱ་རིགས་སྒྱུ་རྩལ་བ་ཨེ་ཝེ་ཝེ་(Ai Wei Wei) ལགས་ཀྱི་སྒྱུ་རྩལ་ཁང་(Zuo You)ཞེས་པ་དེ་གློ་བུར་གཏོར་བཤིག་བཏང་ཡོད་པ་དང་། དེང་སྐབས་ཇར་མན་དུ་བཅའ་བཞུགས་གནང་པའི་(Ai Wei Wei)ལགས་ཀྱིས་གནས་ཚུལ་དེ་དངོས་འབྲེལ་ཡིན་པ་ར་སྤྲོད་གནང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་སོགས་བརྒྱུད་ལམ་མི་འདྲ་བས་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་རེད།
རྒྱ་རིགས་སྒྱུ་རྩལ་བ་ཨེ་ཝེ་ཝེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ།  སྒྱུ་རྩལ་ཁང་གཏོར་བའི་གནས་ཚུལ་དེ་གཟའ་པ་སངས་ཕྱི་ཚེས་ ༣ ཙམ་གྱི་ཉིན་གུང་ཙམ་ལ་མ་གཏོགས་ཤེས་རྟོགས་མ་བྱུང་བས། དེ་དུས་གཏོར་བཤིག་ལས་དོན་འགོ་བརྩམ་ཟིན་པ་འགྲེལ་བརྗོད་གནང་པ་དང་།  དེ་ནི་ཧོན་ཐོར་དགོས་པའི་རང་བཞིན་ཞིག་ཡིན་པ་གསུངས་འདུག  དངོས་འབྲེལ་བྱས་ན་ཨེ་ཝེ་ཝེའི་སྒྱུ་རྩལ་ཁང་དེ་ས་གནས་གཞན་ཞིག་ཏུ་གནས་སྤོ་བྱ་རྒྱུ་ཡིན་འདུག་ན་ཡང་། དེར་ད་དུང་དུས་ཚོད་གཟའ་འཁོར་གཉིས་ཙམ་ཡོད་འདུག
ད་དུང་ཨེ་ཝེ་ཝེ་ཡིས། རྒྱ་ནག་གཞུང་གིས་སྒྱུ་རྩལ་ཁང་གློ་བུར་དུ་གཏོར་བཤིག་བྱས་པ་དེ་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ལས་དཔལ་འབྱོར་གྱི་གནད་དོན་ཞིག་མིན་པ་གསུངས་འདུག་ལ།  ཁོང་གིས་གནས་ཚུལ་མར་བབ་ས་ནི་དབང་འཛིན་དཔོན་རིགས་ཚོས་གང་ཟག་སྒེར་གྱི་ཐོག་ངར་ཐལ་ཆེ་བའི་དབང་ཤུགས་བེད་སྤྱོད་བྱེད་པ་དེ་རང་ཡིན་པ་རེད་ཅེས་གསུངས་འདུག
རྒྱ་ནག་གཞུང་གིས་ཨེ་ཝེ་ཝེའི་སྒྱུ་རྩལ་ཁང་གཏོར་བཤིག་བཏང་པ་འདི་ནི་། པེ་ཅིང་གྲོང་ཁྱེར་ཡར་རྒྱས་ལས་དོན་དང་འབྲེལ་བ་ཡོད་པ་བརྗོད་བཞིན་ཡོད་ཅིང་།  སྔ་ལོ་ལས་དོན་དེའི་མིང་གི་འོག་གྲོང་ཁྱེར་ནང་ཁྲིམས་མཐུན་མ་ཡིན་པའི་ཁང་པ་རྒྱབ་ཡུལ་ས་ཁྱོན་མི་ཊར་གྲུ་བཞི་མ་ས་ཡ་བཞི་བཅུ་ཙམ་གཙང་སེལ་བྱས་ཅིང་།  ལས་དོན་དེའི་ཁྲོད་གྲོང་ཁྱེར་ནང་ཕྱི་ཕྱོགས་ནས་ཡོང་མཁན་ལས་སྩོལ་སྟོང་ཕྲག་མང་པོའི་སྡོད་གནས་མེད་པ་ཆགས་པའི་གནས་ཚུལ་བྱུང་ཡོད་པ་རེད།
རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་སྒྱུ་རྩལ་བ་(Ai Wei Wei)ལགས་ཀྱིས་སྒྱུ་རྩལ་གྱི་ལམ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་ཀྱི་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོར་ཁོང་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཡུལ་སྙན་གྲགས་ཅན་གྱི་བྱིའུ་ཚང་ཞེས་པའི་རྩེད་ཐང་འཆར་འགོད་བྱས་ཡོད་ཀྱང་དེའི་གོང་༢༠༠༥ ལོར་ ཁོང་གིས་སྒེར་གྱི་ཟིན་བྲིས་ཞིག་བརྒྱུད་རྒྱ་ནག་ནང་གི་ཆབ་སྲིད་ཀྱི་རྙོག་གླེང་དང་སྤྱི་ཚོགས་ཀྱི་གནད་དོན་སྐོར་རྩོམ་བྲིས་མང་པོ་སྤེལ་བར་བརྟེན། ཕྱི་ལོ་ ༢༠༠༩ ལོར། རྒྱ་ནག་གཞུང་གིས་ཁོང་གི་ཟིན་བྲིས་དེ་སྒོ་བརྒྱབས་ཡོད་འདུག་ལ་དེ་རྗེས་ཁོང་གིས་(Twitter)སྤྱི་ཚོགས་དྲ་ལམ་སྟེང་ཆབ་སྲིད་སྐོར་གྱི་རྩོམ་ཡིག་སྣ་མང་སྤེལ་བ་སོགས་ཀྱི་རྐྱེན་པས་༢༠༡༡ ལོར། ཁོང་པེ་ཅིན་རྒྱལ་སྤྱིའི་གནམ་ཐང་ནས་ཐོག་མར་འཛིན་བཟུང་བཙན་འཁྲིད་བྱས་པ་ནས་བཟུང་སྔ་རྗེས་འཛིན་བཟུང་བཀག་ཉར་དང་བཟང་བཙོན་དུ་བཅུག་པ་སོགས་གནས་ཚུལ་བསྟུད་མར་བྱུང་ཡོད་ལ་མཐར་རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ཁག་གི་གནོན་ཤུགས་འོག་རྒྱ་ནག་གཞུང་ནས་(Ai Wei Wei)ལ་༢༠༡༥ ལོར་ཕྱི་ཕྱོགས་སུ་འགྲིམ་འགྲུལ་ཆོག་པའི་ཕྱིར་སྐྱོད་ལག་འཁྱེར་སྤྲད་ཅིང་། དེང་སྐབས་ཇར་མན་དུ་བཅའ་ཞུགས་གནང་བཞིན་ཡོད་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།