མདོ་སྨད་རྔ་བ་དང་མདོ་ལྷོ་ཕྱོགས་སུ་རླངས་སྣུམ་དང་སྦྲིད་སྨན་བཙོང་རྒྱུར་དམ་དྲག


2019.07.22
མདོ་སྨད་རྔ་བ་རྫོང་ཐོག ༢༠༡༢ མདོ་སྨད་རྔ་བ་རྫོང་ཐོག ༢༠༡༢
AP

མདོ་སྨད་རྔ་བ་དང་མདོ་ལྷོ་ཕྱོགས་སུ་རྒྱ་ནག་གཞུང་གིས་ནག་སེལ་གཤེད་བཅོམ་གྱི་ལས་འགུལ་སྤེལ་ནས་ཕྱོགས་གང་སར་དམ་དྲག་ཁྲོད་རླངས་སྣུམ་དང་སྦྲིད་སྨན་བཙོང་རྒྱུར་དམ་དྲག་བྱེད་བཞིན་འདུག
དེ་ཡང་བོད་ནས་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ས་གནས་རྒྱ་ནག་གི་ཉེན་རྟོག་ལས་ཁུངས་གཙོས་འབྲེལ་ཡོད་ཚན་པ་ཁག་མཉམ་འབྲེལ་གྱིས། དེང་སྐབས་མདོ་སྨད་རྔ་བ་དང་།  མདོ་ལྷོ་ཕྱོགས་སུ་ནག་སེལ་གཤེད་བཅོམ་མམ་ནག་སེལ་ངན་འཛོམས་ཞེས་བའི་དམ་དྲག་གི་ལས་འགུལ་སྤེལ་ནས་གང་སར་ནམ་རྒྱུན་དང་མ་འདྲ་བར་དམ་དྲག་བྱེད་བཞིན་པ་དང་། དམ་དྲག་གི་ལས་འགུལ་ལ་རྣམ་པ་དང་རྣམ་གྲངས་མ་འདྲ་བ་ཡོད་པའི་ཁྲོད། ཁུལ་དང་རྫོང་ས་གནས་རིམ་པའི་ཚོང་ཁང་ཆེ་ཆུང་དང་། ཐང་བཤམས་ཚོང་ར་སོགས་ཀྱིས་གཞུང་གི་ཆོག་མཆན་ཐོབ་པའི་ཡིག་ཆ་མེད་པར་རླངས་སྣུམ་དང་། ཟུག་འཇོམས་སྨན། སྦྲིད་སྨན། གློག་རྫས་ཆུ་སོགས་བཙོང་མི་ཆོག་པ་དང་། དེ་བཞིན་སྣུམ་སྣོན་ས་ཚུགས་སོ་སོས་རླངས་འཁོར་ཁ་ལོ་བར་ངེས་བར་དུ་སྒེར་གྱི་ཐོབ་ཐང་ལག་འཁྱེར་དང་། ཁ་ལོ་བའི་ལག་འཁྱེར། རླངས་འཁོར་གྱི་བགྲོད་ཡིག་བཅས་དཔང་རྟགས་ཡིག་ཆ་གསུམ་མེད་པར་རླངས་སྣུམ་བཙོང་མི་ཆོག་པ་བཟོས་ནས་གལ་སྲིད་ཁྲིམས་སྒྲིག་དང་འགལ་བ་ཤེས་རྟོགས་བྱུང་ཚེ་རྒྱལ་ཁབ་ཀྱི་ཁྲིམས་གཞིར་བཟུང་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་ཚུལ་ཁྱབ་བསྒྲགས་བྱེད་བཞིན་འདུག་ཟེར།
དེའི་ཐད་བོད་ནང་གི་བོད་མི་གཞན་ཞིག་གིས། ཉེ་བའི་ལོ་ཤས་ནང་བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་མང་པོ་བྱུང་རྗེས་བོད་མི་ཚོས་རླངས་སྣུམ་རིགས་ཉོ་རྒྱུར་དམ་དྲག་བྱས་ཡོད་པ་དང་། ད་ཐེངས་རླངས་སྣུམ་དང་སྦྲིད་སྨན་རིགས་བཙོང་རྒྱུར་དམ་དྲག་ནན་མོ་བྱེད་བཞིན་པ་ནི། བོད་ནང་བོད་མིའི་ཁྲོད་རང་ལུས་མེར་སྲེག་གི་གནད་དོན་སླར་ཡང་མི་འབྱུང་བའི་ཆེད་དུ་ཡིན་པ་དམངས་ཚོགས་ཁྲོད་བརྗོད་བཞིན་པ་ངོ་སྤྲོད་གནང་བྱུང་།
རྒྱ་ནག་གཞུང་གིས་རྒྱལ་ཡོངས་རང་བཞིན་གྱིས་ནག་སེལ་གཤེད་བཅོམ་ཟེར་བའི་ལས་འགུལ་དེ་ནི་དུས་ཡུན་ལོ་གསུམ་རིང་སྤེལ་རྒྱུ་ཡིན་ཞིང་། ད་ལྟའི་ཆར་བོད་ཀྱི་ས་ཁུལ་མང་ཆེ་བའི་ནང་ལས་འགུལ་དེ་ལག་བསྟར་བྱེད་བཞིན་ཡོད་པ་རེད། ཡིན་ཡང་བོད་ནང་ལས་འགུལ་དེའི་ངོ་བོ་འགྱུར་ནས་གཙོ་བོ་ཆབ་སྲིད་ལྟ་སྤྱོད་མི་མཐུན་མཁན་དང་། ཆོས་དང་རིག་གཞུང་གཅེས་འཛིན་བྱེད་མཁན། བོད་དོན་ལས་འགུལ་སྤེལ་མཁན་སོགས་ཀྱི་ཐོག་དྲག་གནོན་བྱེད་པའི་ལག་ཆར་བེད་སྤྱོད་བྱེད་བཞིན་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎