༧གོང་ས་མཆོག་ནས་རྒྱ་མི་རིགས་ཚོར་འབོད་སྐུལ་ཞིག་གནང་ཡོད་པ།

༧གོང་ས་མཆོག་ནས་རྒྱ་ནག་ནང་དང་ཕྱིའི་རྒྱལ་ཁབ་ནང་གནས་པའི་རྒྱ་མི་རིགས་ཚོར་ བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་ལ་འབོད་སྐུལ་ཞིག་གནང་ཡོད་པ་རེད།

2008.04.25

༄༅༎རེས་གཟའཕུར་བུའི་ཉིན་བོད་མིའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་ ཆིབས་བསྒྱུར་གྱི་མཛད་འཆར་སྐབས་བསྐྱར་དུ་རྒྱ་ནག་ནང་དང་ཕྱིའི་རྒྱལ་ཁབ་ནང་གནས་པའི་རྒྱ་མི་རིགས་རྣམས་དང་ལྷག་པར་དུ་ནང་པ་ སངས་རྒྱས་པའི་ཆོས་ལུགས་ཉམས་ལེན་བྱེད་མཁན་གྱི་རྒྱ་མི་རིགས་ཚོར་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་ལ་འབོད་སྐུལ་ཞིག་ གནང་ཡོད་པ་རེད། འབོད་སྐུལ་གྱི་གསུང་འཕྲིན་ནང་ལ་ངོས་ནི་ནང་པའི་དགེ་སློང་ཞིག་ཡིན་པ་དང་ང་ཚོ་ནི་ནང་ཆོས་ཀྱི་འབྲེལ་བའི་ཐོག་ནས་གུས་བརྩི་ཞུ་འོས་པའི་ སྟོན་པའི་རྗེས་འབྲངས་པ་གཅིག་འགྱུར་ཡིན་པའི་ཐོག་ནས་ཁ་སྔོན་རྒྱ་མི་རིགས་ཚོར་འབོད་སྐུལ་ཐེངས་གཅིག་བྱས་ཟིན་པ་དང་ད་རེས་ཀྱང་ ངོས་ནས་རྒྱ་མི་རིགས་ཆོས་གྲོགས་ཚོར་འགྲོ་བ་མིའི་གནད་དོན་ཐོག་ཛ་དྲག་གི་འབོད་སྐུལ་ཞུ་གི་ཡོད་ཅེས་བཀའ་གནང་ཡོད་ཅིང༌། དེ་ཡང་བོད་མི་དང་རྒྱ་མི་རིགས་གཉིས་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཉམས་ལེན་བྱེད་མཁན་གཅིག་པ་ཡིན་པ་དང་དེ་མ་ཟད་ ང་ཚོ་ནང་པའི་ལྟ་གྲུབ་ཀྱི་བྱམས་དང་སྙིང་རྗེ་ཉམས་ལེན་བྱེད་མཁན་ཡིན་པའི་སྐོར་སོགས་ནང་ཆོས་ཀྱི་འབྲེལ་བའི་ལོ་རྒྱུས་སྐོར་བཀའ་གནང་ ཡོད་པ་རེད། ལྷག་པར་དུ་བར་ལམ་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་མང་པོའི་ནང་ངོ་རྒོལ་གྱི་རྔམ་སྟོན་གྱི་ལས་འགུལ་རྒྱ་ཁྱབ་ཏུ་ཕྱིན་པ་ནི་ རྒྱ་ནག་གཞུང་གིས་ད་བར་བོད་མིའི་ཐོག་འཛིན་པའི་སྲིད་ཇུས་ལ་བཟོད་ཐབས་བྲལ་བའི་ཞེ་འཁོན་གྱི་ཐོག་ནས་བྱུང་བ་ཡིན་པ་རེད། དོན་རྐྱེན་དེའི་ནང་རྐྱེན་འདས་སུ་ཕྱིན་པའི་བོད་མི་དང་རྒྱ་མི་རིགས་གཉིས་ཀར་ཧ་ཅང་གི་ཐུགས་ཕམ་ཆེན་པོ་གནང་གི་ཡོད་ལ་ ངོས་ཀྱི་སྐབས་དེར་འཕྲལ་དུ་རྒྱ་མི་རིགས་དང་བོད་མི་རིགས་གཉིས་ཀར་དྲག་པོའི་བྱ་སྤྱོད་སྤེལ་རྒྱུ་མེད་པའི་འབོད་སྐུལ་གནང་བ་མ་ཟད། རྒྱལ་སྤྱྲིའི་སྤྱི་ཚོགས་ཀྱི་འབོད་སྐུལ་ཤུགས་ཆེ་བྱས་ཡོད་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་དྲག་གནོན་གྱི་བྱ་ཐབས་ལག་བསྟར་མུ་མཐུད་ བྱེད་བཞིན་གནས་ཚུལ་བྱུང་རིམ་དང༌། ད་ཆ་བོད་ནང་རྒྱལ་སྤྱིའི་རྟོགས་ཞིབ་པ་དང་གསར་འགོད་པ། མཐའ་ན་ཡུལ་སྐོར་སྤྲོ་འཆམ་པ་ཡང་གཏོང་གི་མེད་པར་བརྟེན་ངོས་རང་བོད་ནང་གི་བོད་མིའི་གནས་སྟངས་ལ་ཧ་ཅང་གི་བློ་འཚབ་དང་ ལྷག་པར་དུ་དོན་རྐྱེན་དེའི་ནང་རྨས་སྐྱོན་ཕོག་པ་ཚོར་སྨན་བཅོས་ཀྱི་མཐུན་འགྱུར་མི་ཐོབ་པ་སོགས་བོད་མི་ཚོས་བཟོད་ཐབས་བྲལ་བའི་ དཀའ་སྡུག་ཆེན་པོ་མྱོང་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད་ཅེས་བཀའ་གནང་ཡོད་པ་རེད། མཐར་རྒྱལ་སྤྱི་དང་རྒྱལ་ནང་གཉིས་སུ་གནས་པའི་རྒྱ་མི་རིགས་ཚོར་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེ་བྱེད་བཞིན་པའི་ བྱ་སྤྱོད་འཕྲལ་དུ་མཚམས་འཇོག་ཡོང་ཐབས་དང༌། འཛིན་བཟུང་འོག་གནས་པའི་བོད་མི་རྣམས་གློད་འགྲོལ་ཡོང་ཐབས། རྨས་སྐྱོན་ཕོག་པ་ཚོར་སྨན་བཅོས་ཀྱི་མཐུན་འགྱུར་ཐོབ་ཐབས་ཐད་རོགས་རམ་ཡོང་བའི་འབོད་སྐུལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎